ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་བོད་དོན་ཆེད་རི་མོའི་འགྲེམས་སྟོན།
2009.07.31
༄༅༎ཨ་མི་རི་ཀའི་གྲོང་ཁྱེར་ནིའུ་ཡོག་ནང་དེ་རིང་དེང་དུས་བོད་ཀྱི་རི་མོའི་སྒྱུ་རྩལ་མཁས་ཅན་བསྟན་འཛིན་རིག་གྲོལ་ལགས་དང་ལྷན་དུ་ཨ་མི་རི་ཀ་བ་ཌེ་མི་ཡེན་སིལ་ལྦར་སོགས་འཛམ་གླིང་ནང་གི་རི་མོ་མཁན་ལྔ་བཅུ་ཙམ་གྱིས་བོད་དོན་སླད་དུ་རི་མོའི་འགྲེམས་སྟོན་ཞིག་གོ་སྒྲིག་གནང་ཡོད་པ་རེད།
འགྲེམས་སྟོན་གནང་བ་དང་དུས་མཉམ་དུ་རི་མོ་དེ་དག་ཕམ་ཚོང་ངམ་རིན་པ་མཐོ་ཤོས་སྤྲོད་མཁན་ཚོར་འཚོང་འགྲེམས་གནང་རྒྱུ་ཡིན་པ་རེད། རི་མོའི་སྒྱུ་རྩལ་འགྲེམས་སྟོན་དེའི་དམིགས་ཡུལ་གཙོ་བོ་ནི་འདས་པའི་མི་ལོ་ལྔ་བཅུའི་རིང་བོད་མི་ཚོས་རྒྱ་ནག་གིས་བོད་བཙན་བཟུང་བྱས་པར་འཚེ་མེད་ཞི་བའི་ལམ་ནས་ངོ་རྒོལ་བྱས་པའི་ལས་འགུལ་གྱི་ཆ་ཤས་ཤིག་ཡིན་པ་རེད། རི་མོའི་འགྲེམས་སྟོན་བྱས་རྗེས་རི་མོའི་དངོས་རྫས་དེ་དག་རིན་གོང་མཐོ་ཤོས་སྤྲོད་མཁན་ཚོར་འཚོང་འགྲེམས་བྱས་ཏེ་ཚོང་བབ་ཇི་བྱུང་རྣམས་ནིའུ་ཡོག་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་སློབ་ཕྲུག་གི་བོད་རང་བཙན་རྒྱབ་སྐྱོར་ལས་འགུལ་ཚོགས་པར་མཐུན་འགྱུར་བྱ་རྒྱུའི་ཆེད་དུ་འབུལ་རྒྱུ་ཡིན་པ་རེད། སློབ་ཕྲུག་གི་བོད་རང་བཙན་ཚོགས་པ་ཞེས་པ་དེ་ནི་དམའ་སར་སློབ་གྲྭ་མཐོ་དམན་བར་གསུམ་གྱི་སློབ་ཕྲུག་ཚོ་ནས་འགོ་བཙུགས་ཏེ་ཤེས་ཡོན་གྱི་ནུས་པ་དང་འཚེ་མེད་ཞི་བའི་ཐབས་ལམ་གྱི་སྒོ་ནས་བོད་ཀྱི་རྩ་དོན་སྤྱི་དང་དམིགས་སུ་བཀར་ནས་བོད་མིར་རང་བཞིན་ལྷན་སྐྱེས་ཀྱི་འགྲོ་བ་མིའི་ཐོབ་ཐང་འཐོབ་པའི་ཆེད་དུ་ཤེས་ཡོན་གྱི་ལམ་ནས་རྒྱབ་སྐྱོར་དང་ལས་འགུལ་རྩོམ་མཁན་གྱི་སྒྲིགས་འཛུགས་ཤིག་རེད༎