ཁམས་བྲག་འགོ་ཁུལ་དུ་བོད་མི་འཛིན་བཟུང་བྱེད་བཞིན་པ།
2012.02.04
༄༅༎ཉེ་ལམ་ཁམས་བྲག་འགོ་ཁུལ་དུ་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་རྔམ་སྟོན་སྟོན་དང་འོས་ལངས་སྐད་འབོད་བྱས་པར་བརྟེན། རྒྱ་ནག་གཞུང་གིས་དུས་ད་ལྟའང་ཁུལ་དེ་ནས་བོད་མི་འཛིན་བཟུང་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག
དེ་ཡང་འདི་ཚེས་ ༣ ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་འདོན་སྤེལ་བྱས་པའི་བོད་ཀྱི་བང་ཆེན་གསར་ཤོག་ཐོག བྲག་འགོའི་ཡུལ་མི་ཁག་ཅིག་ནས་ཤེས་རྟོག་བྱུང་བའི་གནས་ཚུལ་བཀོད་གསལ་ལྟར་ན། ཉེ་ལམ་བོད་མིའི་སྒེར་ལངས་བྱས་པའི་སྐབས་རྒྱ་ནག་གཞུང་གི་ཉེན་རྟོག་པས་དྲག་གནོན་བྱས་པའི་རྐྱེན་གྱིས་རྨས་སྐྱོན་ཚབས་ཆེ་ཕོག་པའི་བོད་མི་ཁྱོན་སྡོམ་དྲུག་ཅུར་ཉེ་བ་འཛིན་བཟུང་བཙོན་འཇུག་བྱས་ཟིན་ཡོད་པ་མ་ཟད། ཡང་ཁ་སང་དེ་རིང་གསར་དུ་འཛིན་བཟུང་བྱས་པའི་བོད་མི་རྣམས། རྫོང་གི་ཁྲིམས་ཁང་གི་སྒོ་རའི་ནང་དུ་དམར་ཧྲེང་ཕུད་དེ་ཉེས་རྡུང་གཏོང་བ་སོགས་བྱེད་ཀྱི་ཡོད་པ་ཡུལ་མི་ཚོས་ཤོད་བཞིན་ཡོད་པ་དང༌། དེ་བཞིན་ད་ལྟའི་ཆར་བྲག་མགོའི་ཁྲོམ་གཞུང་དུ་ཕན་ཚུན་འགྲོ་བསྐྱོད་བྱེད་མཁན་གྱི་གྲས་སུ་རྒྱ་མི་ཡོད་པ་ལས། བོད་མི་མཐོང་རྒྱུ་མེད་པ་ལྟབུ་ཆགས་ཡོད་པ་དང༌། ཡང་རྒྱ་ནག་གཞུང་གིས་ཁུལ་དེར་དེང་སྐབས་དྲིལ་བསྒྲགས་བྱེད་བཞིན་པའི་ནང༌། ཉེ་ལམ་བྲག་འགོའི་ནང་ངོ་རྒོལ་སྒེར་ལངས་བྱེད་མཁན་གྱི་ཁོངས་ནས། ད་དུང་འཛིན་བཟུང་བྱེད་དགོས་པའི་མི་བཞི་བརྒྱ་ཙམ་ཡོད་རེད་ཅེས་ཤོད་ཀྱི་ཡོད་འདུག
ཡང་བོད་ཀྱི་བང་ཆེན་གསར་ཤོག་ཐོག་སྤེལ་བའི་གནས་ཚུལ་དེའི་ནང་མུ་མཐུད་འཁོད་གསལ་ལ། ཉེ་ལམ་གྱི་ངོ་རྒོལ་སྒེར་ལངས་དེ་བྱུང་བའི་རྗེས། བྲག་འགོ་དང་། གསེར་རྟ། རྟའུ། འཛམ་ཐང་གཙོས་པའི་ཡུལ་གྲུ་མང་པོའི་ནང༌། དྲྭ་རྒྱ་དང་ཁ་པར་གྱི་འབྲེལ་ལམ་གཙང་བཅད་དང༌། རླངས་འཁོར་གྱི་འགྲོ་འོང་དང་འགྲུལ་སྐྱོད་ཁག་ལ་ཞིབ་བཤེར་དང་བཀག་སྐྱེལ། དངོས་རྫས་སྔོག་བཤེར་སོགས་བྱེད་བཞིན་ཡོད་པ་བཅས་ཀྱིས་རྐྱེན་པས། མང་ཚོགས་ལ་དཀའ་ངལ་ཆེན་པོ་བཟོ་བཞིན་ཡོད་པ་མ་ཟད། ས་གནས་དེ་དག་གི་ནང་ཉིན་རེ་བཞིན་རྒྱ་མིའི་དམག་དཔུང་ཤིན་ཏུ་མང་པོ་འབྱོར་གྱི་ཡོད་པར་བརྟེན། དམ་དྲག་དང་བཀག་སྡོམ་དེ་དག་མུ་མཐུད་གནས་པ་ཡིན་ཚེ། མཐར་བོད་མི་ཡོངས་ཀྱི་སེམས་ནང་སྔར་བས་ཀྱང་འཁོན་འཛིན་ཆེ་རུ་འགྲོ་རྒྱུ་ཡིན་པ། བོད་ནང་གི་བོད་མི་ཚོས་ཚོད་དཔག་དང་བལྟ་ཚུལ་འཛིན་གྱི་ཡོད་པའི་འགྲེལ་བརྗོད་བྱས་འདུག།