ཀུ་ཤུ་འཕྲུལ་རྩལ་ཁེ་གཉེར་བཟོ་ཚོང་ཁང་གི་བྱ་སྤྱོད་ལ་ངོ་རྒོལ་བྱས་འདུག
2019.10.18
ཀུ་ཤུ་འཕྲུལ་རྩལ་ཁེ་གཉེར་བཟོ་ཚོང་ཁང་གིས་རྒྱ་ནག་དང་མཉམ་ལས་དང་། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་བྱ་སྤྱོད་ལ་རང་དབང་ལས་འགུལ་བས་ངོ་རྒོལ་བྱས་འདུག
ཨ་རིའི་ནང་བརྟེན་གཞི་བྱས་པའི་ཀུ་ཤུ་(Apple)་རྟགས་ཅན་གྱི་འཕྲུལ་རྩལ་ཁེ་གཉེར་བཟོ་ཚོང་ཁང་གིས་རྒྱ་ནག་གི་གནོན་ཤུགས་འོག་ལག་ཐོགས་ཁ་པར་གྱི་ནང་ནས་ཧོང་ཀོང་གི་དམངས་གཙོའི་ལས་འགུལ་སྤེལ་མཁན་ཚོར་ཕན་ཐོག་ཡོད་པའི་མཉེན་ཆས་འམ་(App HKmap.live)་ཞེས་པ་ཕབ་ལེན་བྱེད་ས་ནས་མེད་པར་བཟོས་སྟབས། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀུ་ཤུ་འཕྲུལ་རྩལ་ཁེ་གཉེར་བཟོ་ཚོང་ཁང་གི་བྱ་སྤྱོད་ལ་སྐྱོན་བརྗོད་ཤུགས་ཆེ་བྱུང་ཡོད་པ་དང་། འདི་ཚེས་༡༧་ཉིན་ཀུ་ཤུ་(Apple)་ཁེ་གཉེར་ཁང་གི་སྤྱི་ཁྱབ་འགན་འཛིན་རྒྱ་ནག་ཏུ་ཕྱིན་ནས། རྒྱ་ནག་གི་ཁྲོམ་རའི་སྟངས་འཛིན་འགན་འཛིན་དང་ཐུགས་འཕྲད་བྱས་པར་བརྟེན། བོད་རང་བཙན་སློབ་ཕྲུག་ལས་འགུལ་ཚོགས་པ་གཙོས་བོད་མི་དང་། ཡུ་གུར་མི་རིགས། རྒྱ་རིགས་དམངས་གཙོ་དོན་གཉེར་བ་བཅས་ཁག་ཅིག་གིས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་ཀུ་ཤུ་(Apple)་ཐོན་རྫས་ཚོང་ཁང་མདུན། ཀུ་ཤུ་ཁེ་གཉེར་ཁང་གིས་རྒྱ་ནག་ལ་རྒྱབ་སྐྱོར་གྱི་བྱ་སྤྱོད་མཚམས་འཇོགས་དགོས་པ་དང་། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་སྲུང་དགོས་པ། དེ་བཞིན་ཧོང་ཀོང་གི་ཐོབ་ཐང་དང་རང་དབང་ལ་རྒྱབ་སྐྱོར་དགོས་པའི་དགོས་འདུན་བཏོན་ནས་ངོ་རྒོལ་སྐད་འབོད་གྱི་ལས་འགུལ་སྤེལ་འདུག
ལས་འགུལ་ནང་མཉམ་ཞུགས་གནང་མཁན་བསྟན་རྡོར་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་དོན། ཀུ་ཤུ་རྟགས་ཅན་གྱི་བཟོ་ལས་ཁང་དེ་ནི་ལག་ཐོགས་ཁ་པར་དང་གློག་ཀླད་རྩིས་འཁོར་བཟོ་མཁན་འཛམ་གླིང་ནང་ནས་བཟོ་ལས་ཁང་ཆེ་ཤོས་དེ་ཆགས་ཀྱི་ཡོད་ཀྱང་། རྒྱ་ནག་གཞུང་གི་གནོན་ཤུགས་འོག་བཟོ་ཚོང་ལས་ཁང་དེས་རང་དབང་སོགས་ཆ་ཚང་བཙོང་ནས་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་གཏོང་གཞིའི་ལས་ཀ་ཚབས་ཆེ་དེ་འདྲ་མང་པོ་བྱས་དང་བྱེད་བཞིན་ཡོད་པ་དཔེར་ན། རང་དབང་མེད་པའི་ལུང་པའི་མི་མང་ཚོ་དྲ་རྒྱའི་སྟེང་འགྲོ་ཐུབ་པའི་མཉེན་ཆས་ཁག་ཅིག་མེད་པར་བཟོས་པ་དང་། བདུན་ཕྲག་འདིའི་ནང་ཧོང་ཀོང་ནང་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཆེད་སྐད་འབོད་ཆེན་པོ་འགྲོ་བཞིན་པ་ལྟར། ཁོང་ཚོས་བེད་སྤྱོད་བྱ་བཞིན་པའི་མཉེན་ཆས་གལ་ཆེ་དེ་ཡང་མེད་པར་བཟོས་པ། དེ་བཞིན་ཐེ་ཝེན་གྱི་རྒྱལ་དར་མཚོན་རྟགས་དེ་ཡང་ཁ་པར་ནང་ནས་མེད་པར་བཟོས་པ་སོགས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་མཁན་རྒྱ་ནག་གཞུང་དང་མཉམ་ལས་བྱེད་བཞིན་པའི་བྱ་སྤྱོད་ལ་ང་ཚོས་མཐའ་གཅིག་ཏུ་ངོ་རྒོལ་གྱི་ལས་འགུལ་དེ་སྤེལ་བ་ཡིན་ཞེས་བརྗོད་ཡོད།