རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་གྲོས་ཚོགས་སུ་བོད་དོན་གླེང་སློང་གནང་རྒྱུ་སོགས་གྲོས་ཆོད་དོན་ཚན་ ༡༢ གཏན་འབེབས་གནང་འདུག

2024.12.19
རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་གྲོས་ཚོགས་སུ་བོད་དོན་གླེང་སློང་གནང་རྒྱུ་སོགས་གྲོས་ཆོད་དོན་ཚན་ ༡༢ གཏན་འབེབས་གནང་འདུག རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུའི་སྐབས། ༢༠༢༤།༡༢།༡༨ ཉིན།
TPiE

ཉེ་ལམ་ཟླ་འདིའི་ཚེས་ ༡༦ ནས་ ༡༨ བཅས་ཉིན་གྲངས་བཞིའི་རིང་རྒྱ་གར་དགུན་དུས་གྲོས་ཚོགས་འཚོག་བཞིན་པ་དང་བསྟུན། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་རྣམ་གཉིས་གཙོས་པའི་སྤྱི་འཐུས་ཁྱོན་ ༢༩ ནས་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་རྣམས་ལ་བོད་དོན་ཞུ་སྐུལ་དང་འབྲེལ་བའི་ལས་འགུལ་སྤེལ་ཡོད་པ་དང་བསྟུན། འདི་ཚེས་ ༡༨ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རོ་ཡཱལ་གསོལ་མགྲོན་ཁང་དུ་རྒྱ་གར་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ (Bhartruhari Mahtab) ལགས་དང་། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་ (Tapir Gao) ལགས་རྣམ་གཉིས་གཙོས་པའི་རྒྱ་གར་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ ༢༥ ལྷག་དང་ལྷན་བོད་མི་མང་སྤྱི་འཐུས་རྣམ་པ་ནས་ཚོགས་འདུ་ཞིག་ཏུ་ལྷན་བཞུགས་ཀྱིས། བོད་དོན་དང་འབྲེལ་བའི་དོན་ཚན་ ༡༢ ཅན་གྱི་གྲོས་ཆོད་ཅིག་གཏན་འབེབས་གནང་འདུག

Speaker-1-1024x683.jpg
རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུའི་སྐབས། ༢༠༢༤།༡༢།༡༨ ཉིན།

སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱབ་སྐྱོར་ལ་བརྟེན་ནས་རྒྱ་གར་ཆབ་སྲིད་མི་སྣ་རྣམས་ཀྱི་ཁྲོད། བོད་དོན་ལ་རྒྱབ་སྐྱོར་དང་ཐུགས་ཁུར་གནང་གི་ཡོད་པ་ནི་གསལ་པོར་རྟོགས་ཐུབ་པས། ཁོང་རྣམས་ལ་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུས་དང་། བོད་ཀྱི་གནད་དོན་དེ་རྒྱ་གར་གཞུང་ལ་གལ་གནད་ཇི་ཙམ་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་འདུག་ལ། བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས་ནས། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་། བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་རྣམས་ནས་བོད་དོན་སླད་སྐུ་ལུས་མེར་བསྲེགས་བཏང་བཞིན་པ་སོགས། རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་བོད་ནང་གི་ཉག་ཕྲ་བའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གསུང་བཤད་གནང་འདུག

5-8-800x534.jpg
བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་ (Tapir Gao) ལགས་ནས་གསུང་བཤད་སྐབས། ༢༠༢༤།༡༢།༡༨ ཉིན།

རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་དང་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་ (Tapir Gao) ལགས་ནས་གསུང་བཤད་སྐབས། ཉེ་ལམ་ཁོང་ནས་གྲོས་ཚོགས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་རྒྱ་ནག་གཞུང་ནས་ཐེ་བྱུས་བྱེད་བཞིན་པ་དེར། རྒྱ་གར་གཞུང་ནས་སྔོན་ཚུད་ནས་གདོང་ལེན་གནང་དགོས་པ་དང་།  མ་ཟད་༸མགོན་པོ་མཆོག་ལ་རྒྱ་གར་གྱི་ཚད་མཐོའི་གཟེངས་རྟགས་ (Bharat Ratna) འབུལ་བཞེས་གནང་དགོས་པའི་འབོད་སྐུལ་གནང་ཡོད་སྐོར་སོགས་གསུངས་འདུག་ལ། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ (Bhartruhari Mahtab) ལགས་ནས། (Line of Actual Control) ཞེས་པ་དེ་ནི་འཕགས་བོད་གཉིས་ཀྱི་ས་མཚམས་ལས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་མིན་ཞེས་ནན་བརྗོད་གནང་ཡོད་པ་རེད་འདུག

ཐེངས་འདིའི་ཚོགས་འདུའི་ཁྲོད་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ནས། རྒྱ་གར་སྲིད་དོན་ཚོགས་པ་འདྲ་མིན་ལ་བོད་དོན་ཞུ་སྐུལ་གནང་རྒྱུ་དང་གྲོས་ཚོགས་ནང་བོད་དོན་སྐོར་གླེང་སློང་གནང་རྒྱུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གོ་སྟོན་དང་འབྲེལ་བའི་ལས་འཆར་གོ་སྒྲིག་ཞུ་འཆར། དེ་བཞིན་རྒྱ་ནག་གཞུང་གིས་དངོས་ཡོད་གནས་ཚུལ་རྫུན་སྒྲིག་ལོག་འགྲེལ་བྱེད་བཞིན་པར་ཁྲིམས་སྒྲིག་དང་སྲིད་བྱུས་གཏན་འབེབས་ཀྱི་ཐོག་ནས་གདོང་ལེན་བྱ་རྒྱུ། མ་ཟད་གྲོས་ཚོགས་འཐུས་མི་རྣམ་པས་སྡིངས་ཆ་ཇི་ཡོད་ཐོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་གླེང་སློང་བྱ་རྒྱུ། སོགས་བོད་དོན་གྲོས་ཆོད་དོན་ཚན་ ༡༢ གཏན་འབེབས་གནང་ཡོད་པ་རེད་འདུག

གསར་འགོད་པ། བདེ་ཆེན་དབང་མོ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ། 







བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎