ཉི་ཧོང་མི་དམངས་སྟོང་ཕྲག་ལྷག་ཙམ་གྱིས་རྒྱ་ནག་ལ་ངོ་རྒོལ།
2010.10.16
༄༅༎ཉི་ཧོང་གི་མི་མང་སྟོང་ཕྲག་གཅིག་ལྷག་ཙམ་གྱིས་གཟའ་སྤེན་པའི་ཉིན་ཉི་ཧོང་གི་རྒྱལ་ས་ཀྲོཀ་ཡོའི་ཁྲོམ་ལམ་དུ་རྒྱ་ནག་གིས་ཉི་ཧོང་གི་གླིང་ཕྲན་ནང་ཧམ་འཛུལ་བྱས་པར་ངོ་རྒོལ་གྱི་རྔམ་སྟོན་ཁྲོམ་བསྐོར་བྱས་ཡོད་འདུག
ཉི་ཧོང་ནང་མི་རིགས་རིང་ལུགས་ཀྱི་ལྟ་བ་འཛིན་མཁན་ཚོས་རྒྱ་ནག་གིས་ཉི་ཧོང་གི་གླིང་ཕྲན་དུ་ཧམ་འཛུམ་བྱས་པར་ངོ་རྒོལ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་བ་དེ་ཉེ་བའི་ཆར་ད་རེས་ཐེངས་གཉིས་པ་དེ་ཡིན་པ་དང་ ངོ་རྒོལ་སྐད་འབོད་གནང་མཁན་ཚོས་འཕྲེད་དར་དང་སྦྱར་ཚིག་སོགས་ཀྱི་ཐོག་ ཉི་ཧོང་ལ་ཉེན་ཚབས་ཡོང་གི་ཡོད་པ་དང་ཧམ་འཛུལ་བ་རྒྱ་ནག་ལ་ལྷོད་གཡེངས་རྩ་བ་ནས་བྱ་རྒྱུ་མེད་ཟེར་བ་སོགས་འཁོད་ཡོད་པ་རེད་
ངོ་རྒོལ་རྔམ་སྟོན་ནང་བཞུགས་མཁན་ཁྲིམས་རྩོད་པའི་ཕྱག་ལས་གནང་མཁན་བེུད་ཨ་ས་ཀོ་ཨོ་གུ་ར་ཡིས་གསུངས་ན་ ཉི་ཧོང་གིས་དུས་ཡུན་རིང་པོའི་ནང་ཉི་ཧོང་མི་མང་གི་དཔྱ་ཕྲལ་གྱི་དངུལ་བེད་སྤྱོད་བཏང་ནས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱས་ཡོད་པ་དང་ ད་ཆ་རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་ཆེ་རུ་ཕྱིན་ཡོད་ཀྱང་ རྒྱ་ནག་གཞུང་གི་དཔལ་འབྱོར་ཁེ་ཕན་དེ་དག་གིས་དམག་དོན་གྱི་སྟོབས་རྒྱ་སྐྱེད་གཏོང་གི་ཡོད་པས་ ང་ཚོས་ཀྱང་སེནཀ་ཀུ་དང་ཨོ་ཀི་ན་ལྦ་གླིང་ཕྲན་ནང་དམག་དོན་གྱི་སྟོབས་ཤུགས་ཆེ་རུ་གཏོང་རྒྱུ་དེ་ནི་དགོས་ངེས་ཤིག་ཆགས་ཀྱི་ཡོད་པ་རེད་ཅེས་གསུངས་འདུག
རྒྱ་ནག་དང་ཉི་ཧོང་དབར་ཉེ་བའི་ཟླ་ཤས་ནང་ཤར་རྒྱ་ནག་རྒྱ་མཚོའི་གླིང་ཕྲན་གྱི་བདག་དབང་གནད་དོན་གྱིས་རྐྱེན་པས་རྩོད་གླེང་ཤུགས་ཆེ་བྱུང་བཞིན་པའི་ཐོག་ཉེ་ཆར་ཉི་ཧོང་གིས་ཏེའོ་ཡུའུ་འམ་སེན་ཀ་ཀུ་གླིང་ཕྲན་མཚོ་རྒྱུད་དུ་ཉ་འཛིན་མཁན་གྱི་རྒྱ་མིའི་གྲུ་གཟིངས་བཀག་ཉར་དང་ གྲུ་པ་དང་གྲུ་དཔོན་འཛིན་བཟུང་དོ་དམ་བྱས་པའི་གནད་དོན་གྱིས་རྐྱེན་པས་རྒྱ་ནག་གཞུང་གིས་ཉི་ཧོང་དང་རྒྱ་ནག་དབར་ཤར་རྒྱ་ནག་རྒྱ་མཚོའི་ཁུལ་དུ་གཏེར་ཁ་སྔོག་འདོན་བྱེད་ཕྱོགས་ཐད་ཕྱོགས་གཉིས་ཀྱི་དཔོན་རིགས་དབར་གྲོས་མོལ་གནང་རྒྱུའི་དུས་བཀག་ཕྱིར་ཐེན་བྱས་པ་མ་ཟད་ རྒྱ་ནག་གི་དཔོན་རིགས་ཀྱི་སྐུ་ཚབ་ཚོགས་པ་ཞིག་ཉི་ཧོང་ནང་ཕེབས་རྒྱུའི་དུས་ཚོད་ཡང་ནར་མགྱངས་བྱས་ནས་ཡུལ་གཉིས་ཀྱི་དབར་གྱི་འབྲེལ་ལམ་ཇི་སྡུག་ཏུ་ཕྱིན་པའི་ཁར་རྒྱ་ནག་དམངས་ཁྲོད་དུ་ཡང་ཉི་ཧོང་ལ་ངོ་རྒོལ་གྱི་ལས་འགུལ་རིམ་པ་སྤེལ་བ་སོགས་ཀྱིས་ཉི་ཧོང་ནང་ཡོད་པའི་མི་རིགས་རིང་ལུགས་ཀྱི་ལྟ་གྲུབ་འཛིན་མཁན་གྱིས་གཙོ་བོ་བྱས་པའི་གཞོན་སྐྱེས་མང་པོ་ཞིག་གིས་རྒྱ་ནག་ལ་ངོ་རྒོལ་གྱི་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་གྱི་ཡོད་པ་རེད་