རྔ་བ་རྫོང་ཐོག་ཏུ་སླར་ཡང་རང་ལུས་མེ་བསྲེག་བྱུང་བ།

བོད་ནང་སླར་ཡང་མདོ་སྨད་ཨ་མདོ་རྔ་པ་རྫོང་ཐོག་ཏུ་མི་སྐྱ་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་རང་ལུས་མེར་བསྲེགས་བཏང་ཡོད་འདུག

2012.01.14

༄༅༎དེ་རིང་ཉིན་གུང་བོད་ནང་གི་ཆུ་ཚོད་ ༡།༣༠ ཙམ་ལ་སླར་ཡང་མདོ་སྨད་ཨ་མདོ་རྔ་པ་རྫོང་ཐོག་ཏུ་མི་སྐྱ་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་རང་ལུས་མེར་བསྲེགས་བཏང་ཡོད་པ་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་གནས་ཚུལ་སྤེལ་བཞིན་ཡོད་པ་དང༌། ལྷག་པར་དུ་རྡ་རམ་ས་ལར་ཡོད་པའི་ཀརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་སྐུ་ཞབས་ཀ་ཉག་ཚེ་རིང་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་འགྲེལ་བརྗོད་གནང་པར་གཞིགས་ན།  དེ་རིང་གཟའ་སྤེན་པའི་ཉིན་གུང་ཚོུད་ ༡།༣༠ ཡས་མས་ཞིག་ལ་ རྔ་པ་རྫོང་དུ་བོད་མི་ མི་སྐྱ་ཞིག་གིས་ངོ་རྒོལ་སྐད་འབོད་བྱེད་བཞིན་དུ་རང་ལུས་མེར་བསྲེགས་བཏང་ཡོད་འདུག་ཀྱང་། ཁོང་གི་འབོད་ཚིགས་ཀྱི་ནང་དོན་ཇི་ཡིན་དང་། མེར་བསྲེགས་བཏང་མཁན་གྱི་མིང་དེ་བཞིན་ས་གནས་གང་ནས་ཡིན་མིན་སོགས་ཞིབ་ཕྲའི་གནས་ཚུལ་ད་བར་གསལ་པོ་ཤེས་རྟོགས་མེད་པ་རེད་འདུག།
ད་དུང་སྐུ་ཞབས་ ཀ་ཉག་ཚེ་རིང་ལགས་ཀྱིས་ བོད་མི་རང་ལུས་མེར་བསྲེགས་བཏང་མཁན་དེའི་གཟུགས་པོར་མེ་ལྕེ་རབ་ཏུ་འབར་བཞིན་པ་མཐོང་མ་ཐག རྒྱ་མིའི་ཉེན་རྟོག་པས་ཁོང་ལ་ཉེས་བརྡུང་ཚབས་ཆེ་བཏང་འདུག་པར་མ་ཟད།  ཉེན་རྟོག་པའི་ལག་ཏུ་འཁྱེར་བའི་ལྕག་མདུང་གི་རྩེར་ལྕག་འཛེར་ཡོད་པའི་མཚོན་ཆ་སོགས་ཀྱིས་ཉེས་བརྡུང་བཏང་སྐབས། ཉེ་འཁྲིས་སུ་འདུ་འཛོམས་བྱས་པའི་ས་གནས་བོད་རིགས་ཁག་གཅིག་གིས་སྐད་འབོད་རྒྱག་པ་དང་།
ཡང་བོད་མི་ཁག་གཅིག་གིས་ཉེན་རྟོག་པ་ཚོར་ལུས་པོ་མེས་ཚིགས་བཞིན་པའི་བོད་མི་དེའི་ཐོག་ཉེས་བརྡུང་གཏོང་རྒྱུ་མཚམས་འཇོག་ཡོང་བའི་རེ་འདུན་བཏོན་པ་སོགས་བྱས་ཏེ། མེར་བསྲེགས་གཏོང་མཁན་གྱི་ཕོ་གསར་དེ་ཉེན་རྟོག་པའི་སར་ནས་ཚུལ་ལེན་ཐབས་བྱས་འདུག་ཀྱང་ལག་ཏུ་ལོན་ཐུབ་མེད་པ་འགྲེལ་བརྗོད་གནང་བྱུང༌།  རང་ལུས་མེར་བསྲེགས་བཏང་མཁན་གྱི་བོད་མི་དེ་ མེར་བསྲེགས་གཏོང་ཡུལ་གྱི་ས་གནས་དེ་རང་དུ་འདས་གྲོངས་སུ་གྱུར་ཟིན་ཡོད་འདུག།
སྐབས་དེར་མང་ཚོགས་དང་ཉེན་རྟོག་པའི་བར་འཁྲུག་འཛིང་ཆེན་པོ་བྱུང་སྟེ། མི་སྐྱ་གཉིས་དང་བཙུན་མ་གཅིག་འཛིན་བཟུང་བྱས་ཡོད་པ་དང་། ལོ་ན་ཅུང་ཐོ་བའི་བུད་མེད་ཅིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་རྐྱེན་འདུས་སུ་གྱུར་བའི་གནས་ཚུལ་ཡང་གོ་རྒྱུ་ཡོད་པ་སྐུ་ཞབས་ ཀ་ཉག་ཚེ་རིང་ལགས་ཀྱིས་གསུངས་ཀྱི་འདུག།
དེ་རྗེས་བོད་མིའི་སེར་སྐྱ་མང་ཚོགས་ཀྱི་འདུ་འཛོམས་ཆེ་རུ་ཕྱིན་ཏེ་གནས་ཚུལ་ཛ་དྲག་ཏུ་སོང་བ་དང་། རྒྱ་མིའི་དམག་མི་ཡང་འབོར་ཆེ་འབྱོར་ཏེ་ངོ་རྒོལ་སྐད་འབོད་དང་ཟིངས་ཆ་ཆེན་པོ་ལངས་ཏེ་བོད་མིའི་འདུ་འཛོམས་དེའི་ཁྲོད་དུ། དུག་རླངས་ཀྱི་མེ་མདའ་བརྒྱབ་སྟེ་བོད་མི་འགའ་ཤས་ལ་རྨས་སྐྱོན་བཏང་ཡོད་འདུག་ལ། དེ་རྗེས་རྒྱ་མིའི་དམག་མིས་གང་བྱུང་མེ་མདའ་བརྒྱབ་འགོ་བཙུགས་ཏེ། ཉུང་མཐར་བེུད་གཉིས་ལ་རྨས་སྐྱོན་ཚབས་ཆེ་ཕོགས་པའི་གནས་ཚུལ་བྱུང་འདུག་ཀྱང་། རྨས་མའི་བེུད་དེ་གཉིས་རྒྱ་མིའི་ལག་ཏུ་ཐེབས་མེད་ཚོད་ཡིན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎