རྒྱ་ནག་གི་ཁ་པར་མཉེན་ཆས་ TIKTOK དང་སྐད་འཕྲིན་ WeChat འབྲེལ་བའི་ཚོང་དོན་དང་དཔལ་འབྱོར་གཏོང་ལེན་བཀག་འགོག་བྱེད་རྒྱུའི་གསལ་བསྒྲགས།
2020.09.18

དེ་ཡང་ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལ་ཊམཔ་མཆོག་གིས་རྒྱ་ནག་ལ་ཨ་རིའི་དམག་དོན་དང་། མཁས་པའི་བདག་དབང་ཡོད་པའི་འཕྲུལ་རིགས་སོགས་རྐུ་འཁྱེར་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གི་འཕྲུལ་རིགས་མཉེན་ཆས་དེ་དག་གིས་ཨ་རིའི་བདེ་འཇགས་ལ་ཉེན་འགན་ཆེན་པོ་ཡོད་པ་བརྗོད་དེ་ཨ་རིའི་ནང་རྒྱ་ནག་གི་ཁ་པར་འཕྲིན་གཏོང་གི་མཉེན་ཆས་ TikTok དང་སྐད་འཕྲིན་ WeChat གཉིས་དམ་དྲག་བྱེད་རྒྱུའི་ཕྱི་ཟླ་ ༨ ཚེས་ ༦ ཉིན་བཀའ་རྒྱ་བདམས་ཡོད་པ་བཞིན། ཨ་རིའི་ནོར་སྲིད་དྲུང་ཆེ་ Wilbur Ross གིས་འདི་དང་འབྲེལ་བའི་རྒྱ་མིའི་མཉེན་ཆས་གཉིས་བརྒྱུད་ཨ་རིའི་ནང་གི་དཔལ་འབྱོར་གྱི་གཏོང་ལེན་ལ་རེས་གཟའ་ཉི་མ་ཕྱི་ཟླ་ ༩ ཚེས་ ༢༠ ནས་དམ་དྲག་བྱེད་རྒྱུ་ཡིན་པ་འདི་ཚེས་ ༡༨ ཉིན་ཡོངས་ཁྱབ་གསལ་བསྒྲགས་གནང་ཡོད་ཅིང་། ནོར་སྲིད་དྲུང་ཆེ་ Wilbur Ross མཆོག་གིས་ཨ་མི་རི་ཀའི་གཞུང་གི་བཀག་སྡོམ་གྱི་ཐག་གཅོད་འདི་ནི་ཨ་རིའི་སྲིད་འཛིན་ཊམཔ་གྱིས་ཨ་མི་རི་ཀའི་མི་མང་ལ་རྒྱ་ནག་དམར་ཤོག་ཚོགས་པས་སྐྲུན་པའི་བདེ་འཇགས་ཀྱི་ཉེན་ཁ་ལས་སྐྱོབས་ཐབས་དང་ཨ་རིའི་བདེ་འཇགས་སྲུང་སྐྱོབས་ཆེད་ལས་དོན་ག་རེ་གནང་དགོས་ཀྱང་གནང་རྒྱུ་ཡིན་པ་འདི་ཡང་སྐྱར་གསལ་སྟོན་བྱས་པ་ཞིག་རེད་ཅེས་གསུངས་ཡོད་པ་རེད།
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འཕྲུལ་རིགས་བདེ་འཇགས་ཐད་ཉམས་ཞིབ་པ་བསྟན་འཛིན་དགྲ་ལྷ་ལགས་ཀྱིས་འདི་ནི་རྒྱ་ནག་གིས་ ༢༠༡༧ ལོར་འཕྲུལ་རིགས་བདེ་འཇགས་དང་འབྲེལ་བའི་ཁྲིམས་ཡིག་གསར་པ་ཞིག་གཏན་འབེབས་བྱས་ཏེ། རྒྱ་ནག་གི་མཉེན་ཆས་འདི་དག་ནང་ནས་རྒྱལ་ཁབ་ཀྱི་བདེ་འཇགས་མིང་ཐོག་གནས་ཚུལ་ཇི་དགོས་བླང་ཆོག་པའི་མཐེུན་ཞིག་སྐྲུན་པའི་རྗེས་སུ། མཉེན་ཆས་འདི་ཚོས་ཨ་རི་དང་རྒྱ་གར་བཅས་ཀྱི་བདེ་འཇགས་ལ་དམིགས་བསལ་ཉེན་ཁ་ཞིག་ཆགས་པ་ངོས་འཛིན་གནང་གི་འདུག
ཨ་རིའི་རེནཌ་ཉམས་ཞིབ་ཁང་གི་རྒྱལ་སྤྱིའི་རྒྱལ་སྲུང་ཉམས་ཞིབ་པ་བགྲེས་པ་ཊི་མོ་ཐི་ཧིཐ་ལགས་ཀྱིས་རྒྱ་ནག་ནི་དམར་ཤོག་ཚོགས་པ་ཁོ་ནས་འཛིན་པའི་རྒྱལ་ཁབ་ཅིག་ཡིན་པས། མི་སྒེར་དང་ཚོང་འབྲེལ་སྡེ་ཚན་ལ་དབང་ཆ་མེད། དམར་ཤོག་ཚོགས་པས་ནམ་ཞིག་སུ་ཞིག་ལའང་དམར་ཤོག་ཚོགས་པ་ཁོང་ཚོའི་འདོད་མོས་ལྟར་བཀའ་རྒྱ་བཏང་སྲིད་པས། དེར་མ་རྩིས་ན་བཙོན་དུ་ཚུད་རྒྱུ་ལས་ཐབས་ཤེས་ལྷག་མེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་འགྲེལ་བརྗོད་གནང་བ་དང་ཆབས་ཅིག རྒྱ་ནག་མཉམ་དུ་སྲིད་འཛིན་ཊམཔ་གྱི་དམ་དྲག་གི་ཐབས་བྱུས་འདི་ནི་འཕྲུལ་རིགས་ཀྱི་འགྲན་རྩོད་ཅིག་ལ་ངོས་འཛིན་གནང་གི་ཡོད་ཀྱང་། ཕྱོགས་གཞན་ནས་་ རྩོད་རྙོག་འདི་ལོ་མང་གོང་རྒྱ་ནག་གཞུང་གིས་ཨ་མི་རི་ཀའི་འཕྲུལ་རིགས་མཉེན་ཆས་ གྷུ་གྷལ་དང་ ཡ་ཧུ་བཅས་རྒྱ་ནག་ནང་གསང་ཉུལ་ལས་དོན་སྤེལ་རྒྱུར་བེད་སྤྱོད་བྱེད་ཀྱི་ཡོད་པ་བརྗོད་ནས་ཨ་རིའི་མཉེན་ཆས་འདི་དག་རྒྱ་ནག་ནང་་བཀག་འགོག་བྱས་པ་ནས་བཟུང་འགོ་ཚུགས་པ་ཞིག་རེད་ཅེས་གསུངས་ཀྱི་འདུག
འོན་ཀྱང་ཨ་མི་རི་ཀའི་ནང་ TIKTOK ཚོང་ལས་སྡེ་ཚན་གྱི་འཕྲུལ་རིག་ལས་འཆར་འགན་འཛིན་ Patrick Ryan གྱིས་ཁེ་ལི་ཕོར་ནི་ཡ་ནང་ཡོད་པའི་དབུས་གཞུང་གི་ཁྲིམས་ཁང་ལ་ཁྲིམས་གཏུགས་བྱས་ཏེ། ཨ་རིའི་སྲིད་འཛིན་གྱི་བཀོད་རྒྱ་དེ་བཀག་བསྡོམས་བྱས་དགོས་པ་དང་། སྲིད་འཛིན་གྱི་ཐག་གཅོད་འདིས་ཨ་རིའི་མི་མང་པོ་ཞིག་གི་ལས་ཀའི་ཐད་དཀའ་ངལ་འཕྲད་རྒྱུ་ཡིན་པ་བརྗོད་ཡོད་པ་རེད། སྲིད་འཛིན་གྱི་བཀོད་རྒྱ་ལ་མཚན་རྟགས་བཀོད་པ་འདི་ལྟར་ན། ཉིན་དགུ་བཅུའི་ནང་ཨ་རིའི་ནོར་སྲིད་ལས་ཁུངས་ཀྱིས་ཚོང་འབྲེལ་བཟོ་གྲྭ་དེ་དག་གི་དངུལ་དངོས་འཁོར་རྒྱུགས་གཏོང་ལེན་ལ་བཀག་འགོག་བྱེད་རྒྱུ་ཡིན་པ་བརྗོད་ཡོད་པ་རེད།
འོན་ཀྱང་རྒྱལ་སྲུང་ཉམས་ཞིབ་པ་ཊི་མོ་ཐི་ཧིཐ་ལགས་ཀྱིས་གལ་སྲིད་གཞུང་འཛིན་ངོས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ཀྱི་གནད་དོན་རྒྱུ་མཚན་དུ་བརྗོད་པ་ཡིན་ན། ད་བར་ཁྲིམས་ཁང་གང་ཞིག་གིས་ཀྱང་འབྲེལ་ཡོད་བཀོད་རྒྱ་དེ་ཚོར་ཁ་གཏད་བྱེད་དེ་བཀག་འགོག་བྱེད་ཀྱི་མེད། རྒྱལ་ཁབ་ཀྱི་བདེ་འཇགས་གནད་དོན་འདི་གཙོ་བཟུང་བྱེད་ཀྱི་རེད་ཅེས་གསུངས་ཀྱི་འདུག