རྒྱ་གར་ནང་ལྐོག་ཟ་རྩ་མེད་བཟོ་ཐབས་ཀྱི་ལས་འགུལ་སྐོར།
2011.08.13
༄༅༎རྒྱ་གར་གྱི་མ་ཧཏ་མ་གན་རྡིའི་རྗེས་འབྲངས་པ་ཨེ་ན་ཧ་ཛ་རེ་ཡིས་རྒྱ་གར་ནང་ལྐོག་ཟ་རྩ་མེད་བཟོ་ཐབས་ཀྱི་ལས་འགུལ་ལ་སྦི་ཧའར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ནི་ཏིཤ་ཀུ་མའར་གྱིས་རྒྱབ་སྐྱོར་གནང་འདུག རྒྱ་གར་ནང་སྐྱེ་བོ་ཀུན་ལ་ཞི་བའི་ངོ་རྒོལ་བྱེད་ཆོག་པའི་རྩ་ཁྲིམས་དང་མང་གཙོའི་ཁེ་དབང་ཡོད་པར་བརྟེན། ཨེ་ན་ཧ་ཛ་རེ་ཡིས་རྒྱ་གར་ནང་ལྐོག་ཟ་རྩ་མེད་བཟོ་ཐབས་ཀྱི་ལས་འགུལ་སྤེལ་དུ་བཅུག་དགོས་ཀྱི་རེད་ཅེས་སྦི་ཧའར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ནི་ཏིཤ་ཀུ་མའར་གྱིས་གསུངས་འདུག
རྒྱ་གར་གྱི་རྒྱལ་ས་སྡི་ལིའི་ཉེན་རྟོག་སྐོར་འཆག་པའི་སྤྱི་ཁྱབ་ལས་ཁང་ནས་ཨེ་ན་ཧ་ཛ་རེ་ལ་ཉིན་གསུམ་ལྷག་ཟས་བཅད་ངོ་རྒོལ་ནང་བཞུགས་རྒྱུའི་ཆོག་མཆན་གནང་མེད་ཅིང་། གནད་དོན་དེ་ནི་རྒྱ་གར་རྒྱལ་ཡོངས་ནང་གླེང་སློང་ཤུགས་ཆེར་གྱུར་ཡོད་པ་རེད། མང་གཙོའི་ལམ་སྲོལ་ལྡན་པའི་རྒྱལ་ཁབ་ཅིག་ནང་འཚེ་མེད་ཞི་བའི་ལམ་ནས་ངོ་རྒོལ་ལ་བཞུགས་རྒྱུ་ནི། མང་གཙོའི་གཞུངགི་རྩ་ཁྲིམས་ནང་འཁོད་པའི་གཞི་རིམ་གྱི་ཐོབ་ཐང་ཞིག་ཡིན་པར་སྦི་ཧའར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ནི་ཏིཤ་ཀུ་མའར་གྱིས་འགྲེལ་བརྗོད་གནང་འདུག
ཉེ་ལམ་ལྐོག་ཟ་ཐོག་དམ་དྲག་བྱ་རྒྱུའི་ཁྲིམས་འཆར་ཞིག་གྲོས་ཚོགས་ནས་གཏན་འབེབས་བྱ་རྒྱུའི་གཞུང་འབྲེལ་གྲོས་འཆར་གྱི་ཚིག་བརྗོད་ཐོག་གཞུང་འཛིན་ཀོང་རེ་སི་ཚོགས་པའི་དབུ་ཁྲིད་དང་སྐུ་ཞབས་ཨེ་ན་ཧ་ཛ་རེ་གཉིས་འདུམ་འགྲིག་གནང་ཐུབ་མེད་སྟབས། སྐུ་ཞབས་ཨེ་ན་ཧ་ཛ་རེ་ཡིས་སླར་ཡང་ཟས་བཅད་ངོ་རྒོལ་ལས་འགུལ་སྤེལ་རྒྱུའི་གྲ་སྒྲིག་གནང་ཡང་རྒྱལ་ས་སྡི་ལིའི་ཉེན་རྟོག་སྐོར་འཆག་པ་རྣམས་ཀྱིས་ཉིན་གྲངས་གསུམ་ལྷག་ཟས་བཅད་ངོ་རྒོལ་ནང་བཞུགས་ན་མི་འགྲིག་པའི་སྔོན་འགྲོའི་ཆ་རྐྱེན་བཏོན་སྟེ་ད་བར་བཀག་འགོག་བྱས་ཡོད་པ་རེད། ཡང་སྦི་ཧའར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ནི་ཏིཤ་ཀུ་མའར་མཆོག་ནི། སྤྱི་ཚོགས་རིང་ལུགས་པ་རའམ་མ་ནོ་ཧར་ལོ་ཧི་ཡ་མཆོག་གི་ལྟ་བའི་རྗེས་འབྲངས་པ་ཞིག་ཡིན་པ་དང༌། སྤྱིར་བཏང་ཟས་བཅད་ངོ་རྒོལ་ལས་འགུལ་ཡོངས་རྫོགས་ལ་རྒྱབ་སྐྱོར་མེད་ཀྱང་ད་རེས་ལྐོག་ཟ་རྩ་མེད་་བཟོ་རྒྱུའི་ཨེ་ན་ཧ་ཛ་རེ་ཡི་ལས་འགུལ་ལ་རྒྱབ་སྐྱོར་ཡོད་ཅེས་གསུངས་གནང་འདུག
གང་ལྟར་རྒྱ་གར་ནང་ལྐོག་ཟ་རྩ་མེད་བཟོ་རྒྱུའི་གཞུང་འབྲེལ་ཁྲིམས་འཆར་ཞིག་འདས་པའི་ལོ་ངོ་༤༢་གོང་ནས་འགོ་བཙུགས་ཏེ་ཁྲིམས་སུ་གཏན་འབེབས་གནང་ཡོད་ཀྱང་དོན་འབྲས་སོན་པ་བྱུང་མེད་ཅིང་། ད་ཡོད་གཞུང་འཛིན་ཀོང་རེ་སི་ཚོགས་པའི་གཞུང་འབྲེལ་ཁྲིམས་འཆར་དེའི་ནང་སྲིད་བློན་གོང་ཕུད་བཏང་ཡོད་པ་མ་ཟད། དེ་མིན་གྱི་སྐྱོན་ཆ་མང་པོ་ཞིག་ཡོད་པས་ཁྲིམས་ཀྱི་ནུས་པ་ངེས་ཅན་ཐོན་པའི་རེ་བ་ཇེ་ཆུང་དུ་ཕྱིན་སྟབས། རྒྱ་གར་གྱི་མ་ཧཏ་མ་གན་རྡིའི་རྗེས་འབྲངས་པ་ཨེ་ན་ཧ་ཛ་རེ་ཡིས་རྒྱ་གར་ནང་ལྐོག་ཟ་རྩ་མེད་བཟོ་ཐབས་ཀྱི་ལས་འགུལ་མཇུག་སྐྱོང་གནང་དགོས་བྱུང་བ་རེད༎