ཨ་མི་རི་ཀས་ཐེ་ཝན་འགྲུལ་བཞུད་ཀྱི་ཁྲིམས་སྲོལ་གྲོས་ཆོད་གཏན་འབེབས་གནང་འདུག


2017.10.13
ཨ་མི་རི་ཀའི་གྲོས་ཚོགས་ཁང་ཆེན། ༢༠༡༤ ཨ་མི་རི་ཀའི་གྲོས་ཚོགས་ཁང་ཆེན། ༢༠༡༤
ཀླུ་འབུམ།/RFA

རྒྱ་ནག་གཞུང་གིས་ངོ་རྒོལ་དྲག་པོ་བྱས་མིན་ལ་མ་བལྟོས་པར། རེས་གཟའ་ཕུར་བུའི་ཉིན་ཨ་རི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་དགག་བྱ་གཅིག་ཀྱང་མེད་པའི་སྒོ་ནས༼ ཐེ་ཝན་འགྲུལ་བཞུད་ཁྲིམས་སྲོལ༽(Taiwan Travel Act)་ཞེས་པའི་གྲོས་ཆོད་བཞག་ནས་ཨ་རི་དང་ཐེ་ཝན་གྱི་ཆེས་མཐོའི་དབུ་ཁྲིད་ཕན་ཚུན་འཚམས་གཟིགས་བྱས་ཆོག་པ་བཟོས་འདུག
གྲོས་ཚོགས་འོག་མའི་འཐུས་མི་ ༥༠ ་བརྒལ་བས་མཉམ་འབྲེལ་གྱིས་མཚན་རྟགས་བཀོད་པའི་ཐེ་ཝན་འགྲུལ་བཞུད་ཁྲིམས་སྲོལ་ནི་ཨ་རིའི་གྲོས་ཚོགས་ཀྱིས་རྒྱབ་སྐྱོར་ཡོད་པའི་ཨ་རི་དང་ཐེ་ཝན་བར་གྱི་ཁྲིམས་སྲོལ་འགའི་ཁྲོད་ཀྱི་གཅིག་ཡིན་ལ། རྒྱ་ནག་གཞུང་གིས་ཐབས་བརྒྱ་ཇུས་སྟོང་གིས་གྲོས་ཆོད་འདི་འགོག་ཐབས་བྱས་ཡོད་པ་རེད།
སྤྱི་ཚེས་ ༡༢་ཉིན། གྲོས་ཚོགས་འོག་མའི་ཕྱི་འབྲེལ་ཚོགས་ཆུང་གིས་ཁྲིམས་སྲོལ་དེ་མ་བཏོན་གོང་། ༢༠༡༦ལོར་ཁྲིམས་སྲོལ་དེ་ཐོག་མར་བཏོན་མཁན་གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་མའི་འཐུས་མི་སྐུ་ཞབས་སི་ཊི་ཝེན ཆཱ་བྷོ་ཊི(Steve Chabot)་ཡིས། ཐེ་ཝན་གྱི་སྲིད་འཛིན་དང་། སྲིད་འཛིན་གཞོན་པ། ཕྱི་འབྲེལ་བློན་ཆེན། རྒྱལ་སྲུང་བློན་ཆེན་སོགས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཞེས་པའི་རང་དབང་གི་ལྟེ་གནས་དེར་ཕེབས་མི་ཆོག་ཅེས་པའི་ཨ་རིས་རང་གིས་རང་ལ་བཀག་བསྡོམས་ཀྱི་བྱ་སྤྱོད་དེར་དོན་སྙིང་སྤུ་ཙམ་ཡང་མེད་ལ། དེ་ནི་མི་དམངས་ཀྱིས་བདམས་པའི་ཐེ་ཝན་སྲིད་འཛིན་ལ་དམའ་འབེབས་ཙམ་མ་ཟད། ཨ་རི་རང་ཉིད་ཀྱི་ཁེ་ཕན་དང་ཡང་འགལ་ཟླ་ཡིན་ཞེས་གསུངས་འདུག
ཝ་ཤིང་ཊོན་བང་ཆེན་གྱིས་གནས་ཚུལ་སྤེལ་བར་ལྟར་ན། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀར་ད་ལོའི་ཟླ་བརྒྱད་པའི་ནང་རྒྱ་ནག་གཞུང་ཚབ་ཆེན་མོ་ཚིས་ཐེན་ཁེ་ཡིས་འཕྲིན་ཡིག་བཏང་ནས། གལ་ཏེ་ཐེ་ཝན་དང་འབྲེལ་ཡོད་ཁྲིམས་སྲོལ་དེ་དག་གཏན་འབེབས་བྱས་ཚེ། དེ་ནི་རྒྱ་ནག་གི་མངའ་ཁོངས་ཆ་ཚང་དང་བདག་དབང་། ཁེ་ཕན་བཅས་ལ་སྒྲུན་ཟླ་སློང་བ་ཞིག་དང་། བྱ་སྤྱོད་དེ་ཨ་རི་དང་རྒྱ་ནག་གི་འབྲེལ་བ་བརྟན་བརླིང་གི་མ་མཐའི་ཚད་ཐིག་ལས་བརྒལ་སོང་སྟབས། ཨ་རི་དང་རྒྱ་ནག་གི་འབྲེལ་བར་མཇུག་འབྲས་ངན་པ་བཟོ་ངེས་ཡིན་ཞེས་ཉེན་བརྡ་བཏང་ཡོད་པ་རེད།
གནས་ཚུལ་ནང་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་དང་བློ་འདོན་པ་ཚོས་རྒྱ་ནག་གཞུང་གི་ཉེན་བརྡ་དེ་རྒྱུན་ལྡན་ཞིག་མིན་པའི་ཁར་ཚད་ལས་བརྒལ་བའི་བྱ་སྤྱོད་ཅིག་ལ་ངོས་འཛིན་གནང་འདུག
ཐེ་ཝན་པའི་ཐུན་མོང་ལས་དོན་ཚོགས་པའི་ཚོགས་གཙོ་ཁྲིན་ཀྲེང་ཡེ(Chen Zhengyi)་ལགས་ཀྱིས་ཨ་རི་དང་ཐེ་ཝན་གཉིས་ཀྱི་རིན་ཐང་གི་ལྟ་བ་གཅིག་མཚུངས་ཡིན་ལ། མཐོ་རིམ་དབུ་ཁྲིད་ཕན་འགྲོ་ཚུར་འོང་བྱེད་རྒྱུ་བཀག་རྒྱ་མེད་པར་བཟོས་པ་དེས་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། ས་ཁུལ་བདེ་འཇགས་སོགས་ལས་དོན་རིགས་མཉམ་འབྲེལ་བྱེད་རྒྱུར་ཕན་ཐོགས་ཆེན་པོ་ཡོད་ཅེས་བརྗོད་འདུག

གསར་འགོད་པ་སྟག་ལྷ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎