ལོ་གསར་ནི་བོད་ཀྱི་རིག་གནས་དང་སྐད་ཡིག་ལོ་རྒྱུས་ཀྱི་གལ་གནད་ཅིག་ཡིན།
Julie Won ལགས་ནི་གྲོང་ཁྱེར་ནིའུ་ཡོག་གི་Long Island་དང་Sunnyside, Woodside, Astoria ས་ཁུལ་བཅས་ཀྱི་གྲོང་སྡེ་ལྷན་ཁང་གི་འཐུས་མི་ཡིན་པ་དང་། ཁོང་གིས་ལོ་ཁ་ཤས་སྔོན་བོད་པའི་སྤྱི་ཚོགས་དང་འབྲེལ་བ་ཇི་ལྟར་བྱུང་བ་དེ་བསྐྱར་བཤད་གནང་ཐོག ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གཙུག་ལག་ སློབ་གྲྭ་ཆེན་མོ་ཞིག་ཏུ་གསུང་བཤད་གནང་བ་ལས་སེམས་འགུལ་ཐེབས་ཏེ། ཁོང་བཞུགས་སྒར་རྡ་རམ་ས་ལར་ཕེབས་པ་དང་། རིམ་པས་Woodside ས་ཁུལ་དུ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་ཡོད་པ་ཡང་ཤེས་རྟོགས་བྱུང་ཞེས་གསུངས་བཞག

ཡང་ཁོང་གིས་བོད་ཀྱི་ལོ་གསར་དེ་ནིའུ་ཡོག་ནང་གནས་སྡོད་བོད་མི་ཚོའི་ཆོས་ལུགས་བྱེད་སྒོ་དང་ཁྱིམ་ཚང་འདུ་འཛོམས་བྱེད་པའི་ཉིན་མོ་ཞིག་ཡིན་སྟབས། དེ་ཉིན་མོ་ཊ་འཇོག་སའི་དཀའ་ངལ་སོགས་མ་འཕྲད་པ་ཞིག་གནང་གི་ཡིན་ཞེས་འགན་ལེན་གནང་ཐོག་ལོ་གསར་ནི་གུང་གསེང་ཙམ་མ་ཡིན་པར་བོད་ཀྱི་རིག་གནས་དང་སྐད་ཡིག་ལོ་རྒྱུས་ཀྱི་གལ་གནད་སོགས་ ཡེ་ཤུའི་དུས་ཆེན་ Christmas འམ་ཡང་ན་ཇིའུ་མི་རིགས་ཀྱི་དུས་ཆེན་Hanukkah ལྟ་བུ་རེད་ཅེས་གསུངས་བཞག

དེ་བཞིན་ Julie Won ལགས་ཀྱིས་བོད་རིགས་དང་། བལ་ཡུལ། འབྲུག་པའི་མི་རིགས་སོགས་ལ་རྒྱུན་དུ་སྣང་མེད་ལྟ་བུ་བྱེད་ཀྱི་ཡོད་ཀྱང་གྲོང་ཁྱེར་གྱི་སློབ་གྲྭ་ཁག་ཏུ་ཧི་མ་ལ་ཡའི་མི་རིགས་ཀྱི་སློབ་ཚན་ངོ་སྤྲོད་བྱེད་པ་འདིས་ཁོང་ཚོའི་ལེགས་སྐྱེས་ལ་གུས་བཀུར་བྱེད་པ་དང་། མ་འོངས་པའི་མི་རབས་ཚོར་ཁོང་ཚོའི་ཤུལ་བཞག་ཕྱུག་པོའི་སྐོར་ཤེས་ཡོན་སྤྲོད་ཐུབ་ཀྱི་རེད་ཅེས་བརྗོད་བཞག
གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།