ཀརྨ་པའི་གནད་དོན་ཐོག་བོད་གཞུང་སྤྱི་འཐུས་ཀྱིས་གསལ་བཤད།

བོད་མི་དམངས་སྤྱི་འཐུས་རྒྱུན་ལས་ཀྱིས་བཞུགས་སྒར་དུ་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་སྟེ་གསལ་བཤད་གནང་ཡོད་པ་རེད།

2011.01.31

༄༅༎རྒྱ་གར་ཉེན་རྟོག་པས་དཔལ་རྒྱལ་བ་ཀརྨ་རིན་པོ་ཆེའི་བླ་བྲང་སྔོག་བཤེར་བྱས་པའི་གནད་དོན་དང༌། རྒྱ་གར་གྱི་གསར་འགྱུར་ལས་ཁང་གིས་བླ་བྲང་གི་དངུལ་གི་ཡོང་ཁུངས་ཀྱི་ཐོག་ལ་དོགས་གཞི་ཡོད་ལུགས་ཀྱི་གནས་ཚུལ་རྒྱང་བསྲིང་བྱས་པ་དེ་ཚོ་ནི་གཞི་རྩ་རྩ་བ་ནས་མེད་པའི་འཁྱོག་བཤད་དྲིལ་བསྒྲགས་ཤིག་ཡིན་པའི་སྐོར་ལ་རེས་གཟའ་སྤེན་པའི་ཉིན་བོད་མི་དམངས་སྤྱི་འཐུས་རྒྱུན་ལས་ཀྱིས་བཞུགས་སྒར་དུ་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་སྟེ་གསལ་བཤད་གནང་ཡོད་པ་རེད།

དེ་ཡང་རེས་གཟའ་སྤེལ་བའི་ཉིན་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བའི་ནང༌། གནས་ཚུལ་དེ་ཐོན་མ་ཐག་བོད་མི་དམངས་སྤྱི་འཐུས་རྒྱུན་ལས་རྣམས་ལྷན་འཛོམས་ཀྱིས་བཀའ་བསྡུར་གནང་འབྲས་སུ་གནས་ཚུལ་ཁ་གསལ་ཡོང་ཐབས་སུ་རྒྱལ་བ་ཀརྨ་པ་མཆོག་དངོས་སུ་མཇལ་ཁ་ཞུ་རྒྱུ་དང་དེ་མིན་ན་བླ་བྲང་གི་ལས་སྣེ་བ་ཐུག་འཕྲད་གནང་རྒྱུའི་ཐག་གཅོད་བྱུང་སྟེ། ཉིན་དེ་རང་དུ་བཙན་བྱོལ་བོད་མི་དམངས་སྤྱི་འཐུས་རྒྱུན་ལས་ཀྱི་ཁོངས་ནས། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་དང༌། དགེ་བཤེས་ཐུབ་བསྟན་འཕེལ་རྒྱས་ལགས། དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། སློབ་དཔོན་བསོད་ནམས་བསྟན་འཕེལ་ལགས་བཞི། དངོས་སུ་རྒྱལ་བ་ཀརྨ་པ་མཇལ་བར་བཞུགས་གནས་རྒྱུད་སྟོད་གྲ་ཚང་དུ་ཆེད་བཅར་ཞུས་པའི་སྐབས་ཐོག་མར་བླ་བྲང་གི་ལས་སྣེ་དང་ཐུག་འཕྲད་གནང་བ་དང༌། དེ་རྗེས་རྒྱལ་བ་ཀརྨ་མཇལ་བའི་སྐབས། རྒྱལ་བ་ཀརྨ་མཆོག་ཐུགས་ལྷོད་བཞུགས་གནང་སྟེ་བཞུགས་ཡོད་པ་དེ་ནི་ཁོང་ལ་ཉེས་པ་མེད་པའི་རྣམ་པ་གསལ་པོ་བཏོན་ཡོད་པ་ངོས་འཛིན་གནང་བ་མ་ཟད། རྒྱལ་བ་ཀརྨ་མ་མཆོག་ནས་ཀྱང་གནས་ཚུལ་དེ་ཚོའི་རིགས་ལ་དུས་རྒྱུན་ནས་ཐེ་ཇུས་གནང་གི་མེད་ཅེས་བཀའ་ཡང་གནང་ཡོད་པ་དེའི་ཐོག་ནས་རྒྱལ་བ་ཀརྨ་པ་མཆོག་གནས་ཚུལ་དེ་དང་ཐད་ཀར་འབྲེལ་བ་མེད་པའི་རྣམ་པ་ཁ་གསལ་དུ་ཕྱིན་ཡོད་པས་རྒྱལ་བ་ཀརྨ་པ་མཆོག་ལ་མཚན་སྨད་འགྲོ་གཞིའི་གནས་ཚུལ་དེ་རིགས་རྩ་བ་ནས་མི་ཡོང་བའི་ཆེད་དུ་སྤྱི་འཐུས་ལྷན་ཚོགས་ནས་མཐུན་འགྱུར་ག་རེ་ཞུ་རྒྱུར་གྲ་སྒྲིག་ཡོད་པ་སོགས་རྒྱལ་བ་ཀརྨ་པ་མཆོག་ལ་མཐའ་ཅིག་ཏུ་རྒྱབ་སྐྱོར་ཞུ་བཞིན་ཡོིད་པ་རེད། ལྷག་པར་དུ་རྒྱལ་བ་ཀརྨ་པའི་བླ་བྲང་གི་དཔལ་འབྱོར་ཡོང་ཁུངས་ནི། བོད་ཕྱི་ནང་ཙམ་མ་ཡིན་པར་ཕྱིའི་རྒྱལ་ཁབ་ནང་དད་པ་ཞུ་མཁན་དང་སློབ་མ་མང་པོ་ཡོད་པར་སོང་དེ་དག་གིས་དད་པའི་སྐྱབས་རྟེན་སོགས་འབུལ་མཁན་ཡོད་པ་དང༌། གཤམ་འོག་གི་ལས་སྣེ་བ་ཚོས་དེ་དག་ཉར་ཚགས་ཀྱི་འགྲོ་ལུགས་མ་ཤེས་པར་བརྟེན་ནས་བྱུང་བ་ཞིག་ཡིན་པའི་སྐོར་ལ་གསལ་བཤད་གནང་ཡོད་པ་མ་ཟད། ད་རེས་གསར་འགོད་ལྷན་ཚོགས་དེ་སྐོང་ཚོགས་གནང་བའི་དམིགས་ཡུལ་གཅིག་ནི། བོད་ནང་གི་བོད་མི་ཚོ་ས་ཐག་རྒྱང་བས་གནས་ཚུལ་འདྲ་མིན་གོ་ཐོས་ཡོང་སྲིད་པར་སོང། དངོས་ཡོད་དང་དྲང་བདེན་གྱི་གནས་ཚུལ་ཁ་གསལ་ཞིག་མཁྱེན་རྟོགས་ཡོང་སླད་གསལ་བཤད་གནང་བ་ཞིག་ཡིན་པ་རེད། མཐའ་དོན་བཙན་བྱོལ་བོད་གཞུང་དང་འཛིན་སྐྱོང་བཀའ་ཤག་གིས་ཐོག་ནས་མཐུན་འགྱུར་ཕྱག་རོགས་གནང་རྒྱུའི་འབད་བརྩོན་གནང་བཞིན་པ་ལྟར་བོད་མི་དམངས་སྤྱི་འཐུས་ནས་གནས་ཚུལ་དྲང་བདེན་ལ་རྒྱབ་སྐྱོར་ཞུ་རྒྱུའི་གྲ་སྒྲིག་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎