རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལྷན་ཚོགས།
2008.06.24
༄༅༎རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་དམིགས་བསལ་ལྷན་ཚོགས་ཤིག་ཕྱི་ཟླ་དྲུག་པའི་ཚེས་ ༢༨ དང་ ༢༩ སྟེ་ཉིན་གྲངས་གཉིས་རིང་གྲོང་ཁྱེར་ཅན་རྡི་གར་དུ་ཡོད་པའི་ཨག་ར་སེན་བཱ་ལྦན་གྱི་ཚོགས་ཁང་ནང་ཚུགས་གཏན་འཁེལ་འདུག་པ་དང་ ཚོགས་འདུ་དེ་བཙན་བྱོལ་བོད་གཞུང་གི་རྒྱ་གར་འབྲེལ་འཐུད་ལས་ཁུངས་ནས་གོ་བསྒྲིགས་གནང་པ་ཞིག་ཡིན་འདུག
ཚོགས་འདུ་དེའི་ཐོག་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ཀྱང་ཆེད་ཕེབས་གནང་སྟེ་ ཚོགས་འདུའི་ཐོག་གཙོ་བོའི་གསུང་བཤད་དེ་གནང་རྒྱུ་ཡིན་འདུག དེའི་གོང་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་གཱན་རྡི་ཞི་བདེའི་ཐེབས་རྩ་ལས་ཁང་གི་གོ་བསྒྲིགས་འོག་ཚུགས་རྒྱུའི་ གཱན་རྡིའི་རྗེས་འཇུག་པ་རྒན་གྲས་རྣམས་ཀྱི་ལྷན་ཚོགས་ཐོག་ཀྱང་ཆེད་ཕེབས་གནང་རྒྱུ་ཡིན་འདུག
ཕྱི་ཚེས་ ༢༨ དང་ ༢༩ ཉིན་ཅན་རྡི་གར་དུ་ཚུགས་རྒྱུའི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ཚགས་འདུ་དེའི་དམིགས་ཡུལ་གཙོ་བོ་ནི་ རྒྱ་གར་ནང་གི་སློབ་གྲྭ་དང་ མཐོ་རིམ་སློབ་གྲྭ་སོགས་ཀྱི་ནང་ཡོད་པའི་སློབ་ཕྲུག་ཚོས་བོད་ཀྱི་གནས་ཚུལ་ཤེས་རྟོགས་གོང་འཕེལ་ཡོང་ཆེད་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་ཕྱོགས་སྐོར་བགྲོ་གླེང་དང་དཔྱད་བསྡུར་གནང་རྒྱུ་དེ་ཡིན་འདུག་ལ་ དེ་བཞིན་བོད་ཀྱི་གནད་དོན་ཐད་རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་དང་ སྲིད་དོན་གྱི་ཤོག་ཁག་འདྲ་མིན་གྱི་རྒྱབ་སྐྱོར་འཚོལ་ཐབས་སྐོར་ལ་ཡང་བཀའ་བསྡུར་གནང་རྒྱུ་ཡིན་འདུག
ཚོགས་འདུའི་དབུ་འབྱེད་ཀྱི་ཉིན་ བཙན་བྱོལ་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་ནས་བོད་ཀྱི་གནས་ཚུལ་དང་ བོད་རྒྱའི་འབྲེལ་མོལ་གྱི་འཕེལ་རིམ་གྱི་གནས་ཚུལ་སྐོར་སོགས་ངོ་སྤྲོད་ཀྱི་གསུང་བཤད་གནང་རྒྱུ་ཡིན་འདུག
ཚོགས་འདུའི་དབུ་འབྱེད་ཀྱི་ཉིན་ རྒྱ་གར་གྱི་དཔལ་འབྱོར་བློན་ཆེན་ཟུར་པ་སྐུ་ཞབས་ ཡཱ་ཤི་ལྦན་སཱིན་ཧ་ མཆོག་ཀྱང་ཚོགས་བཅར་ཞུ་རྒྱུ་ཡིན་འདུག།