སྒྱུ་རྩལ་བ་ཨེ་ལྦེ་ལྦེས་དེང་སྐབས་རྒྱ་ནག་སྐོར་གླེང་བ།
2012.05.29
༄༅༎རྒྱ་ནག་གཞུང་དང་སྲིད་དོན་གྱི་ལྟ་བ་མི་མཐུན་མཁན་གྲགས་ཆེ་ཤོས་སུ་ངོས་འཛིན་བྱེད་པ་ སྒྱུ་རྩལ་རིག་པ་བ་ ཨེ་ལྦེ་ལྦེ་ཡིས་ རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གནང་མཁན་ཁྲིམས་རྩོད་པ་ལོང་བ་ ཁྲན་གུའང་ཁྲང་ བཟང་བཙོན་ནས་བྲོས་བྱོལ་དུ་ཕྱིན་པ་ནས་འགོ་བཙུགས་ཏེ་བྱུང་བའི་གནས་ཚུལ་དེས་ རྒྱ་ནག་ནང་གི་རྒྱ་མི་ཚོར་མང་གཙོའི་ཕྱོགས་སུ་མུ་འཐུད་བསྐྱོད་རྒྱུ་དང་འཇིགས་སྣང་གི་འོག་མི་གནས་རྒྱུར་བློ་སྤོབས་བྱིན་ཐུབ་པ་ཞིག་བྱུང་ཡོད་པ་གསུངས་འདུག།
ཁྲན་གུའང་ཁྲང་བཟང་བཙོན་ནས་བྲོས་བྱོལ་དུ་ཕྱིན་ཏེ་་་པེ་ཅིང་དུ་ཡོད་པའི་ཨ་མི་རི་ཀའི་གཞུང་ཚབ་ཁང་ནང་སྲིད་དོན་གྱི་སྐྱབས་བཅོལ་ཞུས་པའི་གནས་ལུགས་དེས་ རྒྱ་ནག་གཞུང་ངོ་ཚ་ཁ་སྐྱེངས་དགོས་པ་བཟོས་པར་མ་ཟད། དེས་རྒྱ་ནག་ནང་ཁྲིམས་ཀྱི་སྐྱོང་བའི་ལམ་ལུགས་ཧ་ཅང་ཞན་པོ་ཡོད་པ་ཡང་སྟོན་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་བཞིན་ཡོད་པ་རེད།
རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ ཨེ་ལྦེ་ལྦེ་ཡིས་ ཁྲན་གུའང་ཁྲང་གི་འབད་བརྩོན་དང༌། ཆོད་སེམས་ སྙིང་སྟོབས་དེས་ རྒྱ་ནག་མི་དམངས་ཚོར་སྤྱི་ཚོགས་ཀྱི་ནང་འཇིགས་སྣང་གི་འོག་ད་དུང་གནས་དགོས་དོན་མེད་པ་དང༌། ཁྱེད་ཚོའི་གནས་སྟངས་དེ་ངའི་གནས་སྟངས་ལས་ཞན་པ་ཡོང་རྒྱུ་མིན་པ་གསལ་སྟོན་བྱས་ཡོད་པ་རེད་ཅེས་དང། ད་དུང་ཨེ་ལྦེ་ལྦེ་ཡིས། སྤྱི་ཚོགས་གང་ཞིག་གིས་མི་ མིག་ལོང་བ་ཞིག་གི་ཐོག་ཤིན་ཏུ་ནས་མ་དྲང་པའི་བྱ་སྤྱོད་དེ་དག་ལག་བསྟར་བྱེད་ཀྱི་རེད། བྱ་སྤྱོད་འདིར་སུས་ཀྱང་ངོས་ལེན་བྱེད་ཀྱི་མ་རེད་ལ། འདི་ལྟར་བྱེད་དགོས་དོན་མེད་པ་ཞིག་རེད། མི་ཚང་མས་ དངོས་འབྲེལ་ང་ཚོ་སྤྱི་ཚོགས་འདི་འདྲ་ཞིག་གི་ནང་གནས་དགོས་ཀྱི་རེད་དམ་ཞེས་པའི་དྲི་བ་ངེས་པར་དྲིས་ཀྱི་རེད་ཅེས་གསུངས་འདུག།
དགུང་གྲངས་ ༥༥ ལ་ཕེབས་པ་ ཨེ་ལྦེ་ལྦེའི་བཞུགས་སའི་ཁང་པའི་གཡས་གཡོན་དུ་བརྙན་པར་འཁྲུལ་ཆས་མང་དག་ཅིག་བཙུགས་ཏེ་རྒྱ་ནག་གཞུང་གིས་ཁོང་གི་འགྲོ་འོང་གི་་ཐད་ཞིབ་རྟོག་ནན་པོ་བྱེད་བཞིན་ཡོད་ཅིང༌། རྒྱ་ནག་གཞུང་གིས་ཁོང་གི་ཐོག་ཨ་རིའི་ཌོ་ལར་ས་ཡ་གཉིས་ལྷག་གི་དངུལ་བབས་ཀྱི་དཔྱ་ཁྲལ་སྤྲོད་དགོས་པའི་ཉེས་ཆད་བཏང་པར་ ད་ཆ་ཁོང་གི་རྒྱ་ནག་གཞུང་ལ་དེ་ནི་ཁྲིམས་འགལ་གྱི་ཉེས་ཆད་ཅིག་ཡིན་ལུགས་ཁྲིམས་ཁང་བརྒྱུད་ཞུ་གཏུགས་བྱེད་བཞིན་ཡོད་པ་རེད།