འཛེམ་ཟོན་མེད་པར་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་རོགས།
2016.11.03
སྒྱུ་རྩལ་བ་དང་དམངས་གཙོ་དོན་གཉེར་ཅན་རྒྱ་རིགས་ཨེ་ཝེ་ཝེ་Ai Weiwei་ཡིས་ནུབ་ཕྱོགས་རྒྱལ་ཁབ་ཚོས་རྒྱ་ནག་གཞུང་ལ་འཛེམ་ཟོན་མེད་པར་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་གནོན་ཤུགས་སྤྲོད་དགོས་པའི་སྐུལ་ལྕགས་བྱས་འདུག
དེ་ཡང་The Guardian་ཞེས་པའི་དབྱིན་ཇིའི་གསར་ཤོག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་བ་འདིའི་ཚེས་༢་ཉིན། རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་རྒྱ་རིགས་སྒྱུ་རྩལ་བ་ཨེ་ཝེ་ཝེ་Ai Weiwei་ཡིས། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཨ་རིའི་ཕྱི་འབྲེལ་ལས་དོན་ལྷན་ཚོགས་ཐོག་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གཏམ་བཤད་བྱས་ཡོད་འདུག
ཨེ་ཝེ་ཝེ་Ai Weiwei་ཡིས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བའི་ཁྲོད་གཞུང་ཕྱོགས་ནས་དམ་དྲག་ཇེ་ཆེར་འགྲོ་བཞིན་པའི་གནས་ལུགས་ངོ་སྤྲོད་གནང་པ་དང་འབྲེལ་རྒྱ་ནག་གཞུང་ནས་བཟང་ངན་གྱི་ཡ་ལན་ག་འདྲ་ཞིག་སྤྲོད་མིན་ལ་མ་བསྟོས་པར་ནུབ་ཕྱོགས་རྒྱལ་ཁབ་ཚོས་འགྲོ་བ་མིའི་ཐོབ་ཐང་གི་རྩ་འཛིན་དམ་པོར་བཟུང་སྟེ། རྒྱ་ནག་གཞུང་ལ་ཁ་གཏད་དང་གནོན་ཤུགས་མུ་མཐུད་སྤྲོད་དགོས་པའི་སྐོར་ནན་སྐུལ་གནང་འདུག
ཨེ་ཝེ་ཝེ་Ai Weiwei་ཡིས་གསུངས་པར། ང་སྒེར་པ་ཞིག་ལ་སྐྱོན་ཆགས་ཇི་བྱུང་ལ་མ་བལྟོས་པར། ཁྱེད་རྣམ་པས་དྲང་བདེན་དང་མཚམས་པའི་ལས་དོན་སྤེལ་རོགས་གནང་། ཁྱེད་རྣམས་ནི་རྒྱ་ནག་གི་ཚོང་རོགས་ཡིན་པའི་ཆ་ནས་གལ་ཏེ་ཁྱེད་ཚོས་འགྲོ་བ་མིའི་ཐོབ་ཐང་སྐོར་རྒྱ་ནག་གཞུང་ལ་གླེང་སློང་བྱས་ཚེ་དེར་རྒྱ་ནག་གཞུང་ནས་ཉན་འཇོག་བྱེད་དགོས་ཀྱི་རེད་ཅེས་དྲན་སྐུལ་གནང་འདུག
གནས་ཚུལ་ནང་གསལ་ལྟར་ན། ༢༠༡༢ལོར་སྲིད་འཛིན་Xi Jinping་གིས་སྲིད་དབང་བཟུང་པ་ནས་བཟུང་རྒྱ་ནག་ནང་སྨྲ་བརྗོད་རང་དབང་ཐོག་དམ་དྲག་གི་སྲིད་ཇུས་ལག་བསྟར་རྒྱ་ཆེར་བཏང་སྟེ། འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་དང་། ཁྲིམས་རྩོད་པ་བརྒྱ་ཕྲག་མང་པོ་དོ་དམ་འཛིན་བཟུང་བྱས་ཡོད་འདུག
ཁ་ས་གྲོང་ཁྱེར་ནིའུ་ཡོག་ཏུ་ཨ་རིའི་ཕྱི་འབྲེལ་ལས་དོན་ལྷན་ཚོགས་སར། རྒྱ་རིགས་Ai Weiwei་ཡིས་ཀྱང་རྒྱ་ནག་ནང་ཆབ་སྲིད་དང་འབྲེལ་བའི་གནད་དོན་རིགས་ག་འདྲ་ཞིག་ལ་ལག་པ་འཆང་ཚེ་ཁྲིམས་ལུགས་ཀྱི་ཐོབ་ཐང་གཅིག་ཀྱང་མེད་པར་འགྱུར་ཡོད་པ་རེད་ཅེས་དང་། ཐ་ན་མི་མང་གི་གཞི་རྩའི་ཐོབ་ཐང་རྩོད་ལེན་བྱ་མཁན་ཁྲིམས་རྩོད་པ་ཚོའི་ཐོག་གཞུང་ཕྱོགས་ནས་དམིགས་བསལ་བལྟ་སྲུང་བྱེད་བཞིན་ཡོད་པའི་གནས་སྟངས་གསལ་འདོན་གནང་འདུགག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།