ཁེ་ཎ་ཌའི་གསར་ཤོག་ཅིག་ཐོག་གནས་ཚུལ་བཀོད་དོན་ལ་བློ་ཕམ།
2012.03.22
༄༅༎རྒྱ་ནག་གཞུང་གིས་བོད་ནང་འདས་པའི་ལོ་ངོ་༥༣་རིང་འཛུགས་སྐྲུན་ཡར་རྒྱས་དང་ བོད་མི་ཚོར་དགའ་སྤྲོའི་བདེ་སྐྱིད་ཐོབ་ཡོད་པ་རེད་ཅེས་ཕྱི་ཟླ་གསུམ་པའི་ཚེས་བཅུ་ཉིན་ཁེ་ན་ཌའི་ལྦེན་ཁུ་ལྦར་སཱན་(Vancouver Sun)ཞེས་པའི་གསར་ཤོག་ནང་གནས་ཚུལ་བཀོད་པར་བོད་མི་དང་ བོད་དོན་རྒྱབ་སྐྱོར་བ་ཚོར་བློ་ཕམ་ཤུགས་ཆེ་བྱུང་ཡོད་པ་རེད་
དེ་ཡང་འདས་པའི་ལོ་ངོ་༥༣རིང་རྒྱ་ནག་གཞུང་གིས་བོད་ནང་འཛུགས་སྐྲུན་ཡར་རྒྱས་ཀྱི་ལས་དོན་སྤེལ་ནས་བོད་མི་ཚོར་དགའ་སྤྲོའི་བདེ་སྐྱིད་ཀྱི་གནས་སུ་རོལ་ཐུབ་པ་བྱུང་ཡོད་ལུགས་ཁ་སྔོན་གསུམ་བཅུའི་དུས་དྲན་ཉིན་ཁེ་ཌ་ཌའི་ལྦེན་ཁུ་ལྦར་སཱན་ཞེས་པའི་གསར་ཤོག་གི་མདུན་ཤོག་ཕྱེད་ཀ་ལྷག་ཙམ་ནང་གནས་ཚུལ་དེ་ལྟར་བཀོད་ཡོད་པ་བརྟེན་དེར་ཡོད་གནས་སྡོད་བོད་མི་དང་ བོད་དོན་རྒྱབ་སྐྱོར་བ་ཚོའི་བློ་ཡུལ་དུ་གཤོངས་དཀའ་བའི་གནས་སུ་གྱུར་ཡོད་པ་རེད་ དེ་ཡང་ཁེ་ན་ཌའི་ནང་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་བོད་དོན་ཐོག་འཐབ་རྩོད་གནང་མཁན་གཞུང་འབྲེལ་དང་ གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ནས་ ལྦེན་ཁུ་ལྦར་སཱན་གསར་ལས་ཁང་དེ་རྒྱ་ནག་གཞུང་གིས་གནས་ཚུལ་ཁྱབ་བསྒྲགས་བྱེད་རྒྱུའི་ཆེད་དུ་ཉོས་པ་ཞིག་ཡིན་པ་རེད་ཅེས་དང་ བོད་དང་ རྒྱ་ནག་གཉིས་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཧ་ཅང་གི་ཐབས་སྡུག་ཡིན་པ་དང་ ལྷག་པར་དུ་བོད་ནང་རྒྱ་མིའི་དམག་དཔུང་ཕོན་ཆེ་འགྲེམས་འཇོག་བྱས་ཏེ་དམ་བསྒྲགས་ཧ་ཅང་ཤུགས་ཆེ་བྱེད་བཞིན་ཡོད་པ་ནི་བརྗོད་མི་དགོས་པ་ཞིག་ཡིན་བཞིན་དུ་གོང་ཞུས་གསར་ལས་ཁང་དེས་རྒྱ་ནག་གི་འཁྱོག་བཤད་འོག་གང་བྱུང་གིས་གནས་ཚུལ་སྤེལ་བར་ང་ཚོས་བློ་ཕམ་ཆེན་པོའི་ཐོག་ནས་ངོ་རྒོལ་ཤུགས་ཆེ་བྱེད་བཞིན་ཡོད་ཅེས་གོང་ཞུས་ཚོགས་པ་ཁག་ནས་བརྗོད་ཡོད་པ་རེད་