འབར་མས་འགྲོ་བ་མིའི་ཐོབ་ཐང་འགལ་འཛོལ་ལ་སྐྱོན་བརྗོད།

འབར་མ་ནས་རྒྱ་ནག་ཏུ་རྡོ་སྣུམ་དང་རྒེསི་(Gas)འོར་འདྲེན་བྱ་རྒྱུའི་ལྕགས་དོང་འཛུགས་སྐྲུན་གྱི་ལས་གཞི་གཞི་རྒྱ་ཆེན་པོ་དེར་སྐྱོན་བརྗོད།

2011.09.06

༄༅༎འབར་མ་ནས་རྒྱ་ནག་ཏུ་རྡོ་སྣུམ་དང་རྒེསི་(Gas)འོར་འདྲེན་བྱ་རྒྱུའི་ལྕགས་དོང་འཛུགས་སྐྲུན་གྱི་ལས་གཞི་གཞི་རྒྱ་ཆེན་པོ་དེ་ནི། འགྲོ་བ་མིའི་ཐོབ་ཐང་འགལ་འཛོལ་བྱེད་པའི་ལས་གཞི་ཞིག་རེད་ཅེས་འགྲོ་བ་མིའི་ཐོང་ཐང་རྩོད་ལེན་གནང་མཁན་གྱིས་སྐྱོན་བརྗོད་གནང་གི་ཡོད་པ་རེད།

རྡོ་སྣུམ་དང་རྒེསི་འདྲེན་ཆེད་ཀྱི་ལྕགས་དོང་དེ་ནི་འབར་མའི་ནུབ་མཚོ་ཁའི་ས་ཁུལ་ནས་བྱང་ཤར་རྒྱ་ནག་གི་ས་སྦྲེལ་ས་མཚམས་བར་གཏིང་ཡོད་ཅིང༌། རྡོ་སྣུམ་དང་རྒེསི་འདྲེན་གཏོང་བྱེད་ཡུལ་གྱི་ལྕགས་དོང་དེ་སྲུང་སྐྱོབ་བྱེད་མཁན་འབར་མའི་གཞུང་གིས་དམག་མི་དྲུག་སྟོང་དྲུག་བརྒྱ་འགྲེམས་འཇོག་བྱས་ཡོད་པར་བརྟེན། འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་བྱེད་མཁན་Shwe Gas Movement ཞེས་ཚོགས་པས། ལས་གཞི་དེ་ཡིས། མི་རིགས་ཀྱི་ཟིང་ཆའི་དཀའ་ངལ་ཆེ་རུ་འགྲོ་རྒྱུ་དང༌། བཙན་དབང་གིས་ངལ་རྩོལ་སྐུལ་བ། དྲག་པོའི་བྱ་སྤྱོད། མི་དམངས་ཀྱི་ས་ཞིང་བཙན་འཕྲོག་བྱེད་པ་སོགས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་གི་ཡོད་པའི་ཉེན་བརྡ་བཏང་གནང་ཡོད་པ་རེད། ས་གནས་དེའི་ནང་ཡོད་པའི་ལས་གཞི་དེར་ངོ་རྒོལ་བྱེད་མཁན་ཚོགས་པའི་ངོས་ནས། ལྕགས་དོང་དང་འབྲེལ་བའི་རྨང་གཞིའི་འཛུགས་སྐྲུན་གྱི་ལས་གཞི་ནང༌། མི་དམངས་བཙན་དབང་གིས་ངལ་རྩོལ་སྐུལ་དེད་གཏོང་བ་དང༌། ཁོང་ཚོའི་ས་ཁང་བཙན་འཕྲོག་བྱས་ཏེ་རྒྱ་ལམ་འཛུགས་སྐྲུན་བྱེད་པ་དང་དམག་མིའི་སྡོད་སྒར་འཛུགས་སྐྲུན་བྱེད་པ་དེ་ཡིས། ས་གནས་མི་དམངས་ལ་དཀའ་ངལ་དང་བརྡབ་བསིག་ཆེན་པོ་བཟོ་གི་ཡོད་པར་བརྟེན། ལས་གཞི་དེའི་ནང་མཉམ་ལས་གནང་མཁན་རྒྱ་ནག་རྒྱལ་ཡོངས་རྡོ་སྣུམ་བཟོ་ཚོང་ཁང་དང༌། ལྷོ་ཀོ་རི་ཡའི་ཚོང་ལས་ཁང་གཉིས་ནས་ཕྱིར་འཐེན་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་རེད། ལྕགས་དོང་གི་ལས་གཞི་དེ་ནི། འབར་མ་ནས་རྒྱ་ནག་ཏུ་རང་འབྱུང་རྒེསི་ནང་འདྲེན་བྱ་རྒྱུ་དང༌། དཀྱིལ་ཤར་ཡུལ་གྲུ་དང་ཨ་ཕེ་རི་ཀ་ནས་རྒྱ་ནག་ལ་རྡོ་སྣུམ་ནང་འདྲེན་བྱ་རྒྱུའི་ཆེད་དུ་ཡིན་ཞིང༌། འོན་ཀྱང་གོང་གསལ་ཚོགས་པ་དེས་གསུང་ན། འབར་མའི་དམག་མིས། རང་འབྱུང་གཏེར་གྱིས་ཕྱུག་པའི་འབར་མའི་བྱང་ཕྱོགས་ཀ་ཆིན་དང་ཤའན་མངའ་སྡེའི་ནང་གནས་སྡོད་བྱེད་མཁན་གྲངས་ཉུང་མི་རིགས་གྱེན་ལོག་པ་རྣམས་གཙང་སེལ་བཟོ་གི་ཡོད་པ་ནི། ༢༠༡༡ ནས་བཟུང་ཁྱོན་མི་དམངས་ཁྲི་ལྔ་གནས་སྤོ་བྱས་ཡོད་པའི་སྐོར་གསུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎