ཁམས་ཡུལ་ཤུལ་ཁུལ་ནས་བོད་མི་གླུ་བ་ཞིག་འཛིན་བཟུང༌།
2012.04.21
༄༅༎བོད་ཀྱི་དྲ་གནས་ཁག་ནང་གནས་ཚུལ་བཀོད་པ་ལྟར་ན། ཟླ་འདིའི་ཚེས་༡༩ ཉིན་ཁམས་ཡུལ་ཤུལ་ཁུལ་ཁྲི་འདུ་རྫོང་སྡོམ་མདའ་གྲོང་བརྡལ་བྲག་དཀར་སྡེ་བའི་གླུ་བ་མིང་གྲགས་ཅན་བློ་བློ་ཞེས་པ་ས་གནས་ནས་རྒྱ་ནག་གི་ཉེན་རྟོག་པས་ཁྲིད་ཡོད་པ་དང་། ད་ལྟའི་གནས་སྟངས་གསལ་ཁ་གང་ཡང་མེད་པ་རེད།
གླུ་བ་བློ་བློ་ཁོང་གིས་ “བོད་དར་ཆ་སྒྲེངས་ཤིག་གངས་བུ་ཚོ་” ཞེས་པའི་གླུ་གཞས་ཆེད་བསྒྲིགས་ཟེར་སྡེར་ཞིག་ཉེ་བའི་ཟླ་འགའི་སྔོན་འགྲེམས་སྤེལ་བྱས་ཡོད་པ་དང་། ཆེད་སྒྲིག་ཟེར་སྡེར་དེའི་ནང་ཁོང་གིས་གླུ་ཚིག་ལ་བོད་བཙན་པོའི་གདུང་རྒྱུད་སྐྱོང་བའི་ཕྱིར། །རྒྱ་དམར་པོའི་དཔུང་ལ་རྒོལ་བའི་སླད། །དོན་བདེན་པ་དབུ་མའི་ལམ་ཁ་ནས། །བོད་དར་ཆ་སྒྲེངས་ཤིག་གངས་བུ་ཚོ། །གངས་དཀར་པོའི་ལ་རྒྱ་སྐྱོང་པའི་ཕྱིར། །བོད་རང་བཙན་གཙང་མ་ཐོབ་པའི་སླད། །དོན་གནས་ལུགས་དུ་མའི་རྒྱབ་ལྗོངས་ནས། །བོད་དར་ཆ་སྒྲེངས་ཤིག་གངས་བུ་ཚོ། །སྐྱབས་རྒྱལ་བ་བོད་ལ་ཕེབས་པའི་ཕྱིར། །བོད་གཞིས་བྱེས་ལྷན་འཛོམས་ཡོང་བའི་སླད། །སྲོག་དམར་པོར་བསྡེབས་པའི་ཉག་ཁ་ནས། །བོད་དར་ཆ་སྒྲེངས་ཤིག་གངས་བུ་ཚོ། །སེང་གངས་རིས་བརྒྱན་པའི་དར་ཆ་འདི། །བོད་མི་རིགས་འདི་ཡི་རྒྱལ་དར་ཡིན། །བོད་སྔོན་གཤེགས་དཔའ་བོའི་དགྲ་ལན་དུ། །བོད་དར་ཆ་སྒྲེངས་ཤིག་གངས་བུ་ཚོ། །ཞེས་བླང་ཡོད་པར་བརྟེན། ཟླ་འདིའི་ཚེས་ ༡༩ ཉིན་ ཡུལ་ཤུལ་ཁུལ་ཁྲི་འདུ་རྫོང་སྡོམ་མདའ་གྲོང་བརྡལ་ནས་ཉེན་རྟོགས་པས་འཛིན་བཟུང་བྱས་ཡོད་འདུག
གླུ་བ་བློ་བློ་ནི་ད་ལོ་རང་ལོ་ ༢༩ ཡིན་པ་དང་། ཕ་མིང་ལ་འཇམ་དབྱངས་ཆོས་རྒྱལ་དང་། མ་མིང་ལ་ཆོས་སྐྱིད་སྒྲོལ་མ་ཟེར་ཀྱི་ཡོད་འདུག།