བོད་མི་ན་གཞོན་ཕུན་ཚོགས་ཉེས་མེད་འཛིན་བཟུང་བྱས་སྐོར།
2009.06.10
༄༅༎ན་ནིང་བོད་ནང་ཞི་བའི་ངོ་རྒོལ་སྐབས་གཞོན་སྐྱེས་ཕུན་ཚོགས་ཞུ་བ་ཞིག་ཉེས་མེད་འཛིན་བཟུང་བྱས་ཏེ་ཉེས་རྡུང་ཚད་མེད་བཏང་ནས་ལུས་པོ་གཅོང་ཅན་དུ་གྱུར་ཡོད་པ་རེད།
དེ་ཡང་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་པར་གཞིགས་ན་ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་ཕྱི་ཟླ་གསུམ་པའི་ནང་བོད་ཀྱི་རྒྱལ་སའི་ནང་བོད་མི་ཚོས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་རྗེས་རྒྱ་ནག་གཞུང་གི་སྤྱི་བདེ་མི་སྣ་དང་དྲག་ཆས་དམག་མིས་བོད་མི་གང་བྱུང་འཛིན་བཟུང་དང་ཉེས་རྡུང་ཚད་མེད་བཏང་སྟེ་བཀག་ཉར་བྱས་པ་བཞིན་ཕྱི་ཟླ་གསུམ་པའི་ཚེས་བཅུ་བཞི་དགོང་དྲོ་སྐྱེས་ཡུལ་མལ་འགྲོ་གུང་དཀར་རྫོང་ཁོངས་བཀྲིས་སྒང་ཤང་གྲོང་ཚོ་ནས་ཡིན་པའི་རང་ལོ་ཉི་ཤུ་རྩ་གཅིག་ཙམ་སོན་པའི་ན་གཞོན་ཕུན་ཚོགས་ཞུ་བ་ལྷ་སའི་ཤར་ཕྱོགས་ཀརྨ་དགོན་གསར་ཁུལ་གྱི་ཁྱིམ་དུ་སྡོད་སྐབས་འཛིན་བཟུང་བྱས་སྟེ་རྒྱ་ནག་གཞུང་གི་དྲག་ཆས་ཉེན་རྟོག་དམག་མིས་རྒྱུ་མཚན་གང་ཡང་མ་བཤད་པར་ཉེས་རྡུང་ཚད་མེད་བཏང་སྟེ་ལྷ་སའི་མེ་འཁོར་བབས་ཚུགས་ཀྱི་མཛོད་ཁང་ཞིག་ནང་ཉེས་མེད་འཛིན་བཟུང་བྱས་པའི་བོད་མི་བཀག་ཉར་བྱས་ཡོད་པ་རྣམས་དང་མཉམ་དུ་བཅུག་སྟེ་ཉིན་གྲངས་ཉི་ཤུ་ཙམ་རིང་བཀག་ཉར་བྱས་རྗེས་གློད་བཀྲོལ་བཏང་ཡོད་པ་རེད། ཡིན་ནའང་གློད་བཀྲོལ་བྱུང་ནས་མལ་འགྲོ་གུང་དཀར་རྫོང་ཁོངས་སུ་ཡོད་པའི་ཁྱིམ་དུ་སླེབས་རྗེས་སྨན་བཅོས་གང་ཐུབ་བྱས་ཀྱང་དྲག་སྐྱེད་དེ་ཙམ་མ་བྱུང་བར་ད་ལྟ་ལག་གཉིས་ཁར་རྒྱུགས་ལ་བརྟེན་དགོས་པ་དང་སྐེད་པ་ཀེར་ཀེར་བྱེད་རྒྱུ་མེད་གཅོང་ཅན་ཆགས་སྟེ་ལུས་བབས་གནས་སྟབས་ཧ་ཅང་གི་སྐྱོ་པོ་ཆགས་ཡོད་པ་རེད། གནས་ཚུལ་ནང་བཀོད་པར་གཞིགས་ན་ཕུན་ཚོགས་སྔ་ལོ་ཕྱི་ཟླ་གསུམ་པའི་ནང་ལྷ་སར་ཞི་བའི་ངོ་རྒོལ་བྱེད་སྐབས་ཁོང་ཞི་རྒོལ་ནང་འཛུལ་ཞུགས་བྱེད་མཁན་གྲས་སུ་མེད་ཀྱང་དྲག་ཆས་དམག་མིས་ཁྱིམ་ཚང་སྔོག་བཤེར་སྐབས་ཉེས་མེད་འཛིན་བཟུང་བྱས་ཏེ་ཉེས་རྡུང་བཏང་སྟེ་བཀག་ཉར་བྱས་པ་ཞིག་ཡིན་ལུགས་འཁོད་འདུག