ཇོ་མོ་གླང་མའི་རྩེར་དཔལ་འབར་བཀག་འགོག་བྱེད་ཐབས་བྱས་པ།
2008.05.09
༄༅༎རྒྱ་ནག་གི་རི་འཛེགས་རུ་ཁག་ཟེར་བས་རྒྱ་ནག་གི་ཨོ་ལིམ་ཕིག་རྩེད་འགྲན་གྱི་དཔལ་འབར་འཁྱེར་ཏེ་འཛམ་གླིང་ནང་གི་གངས་རི་མཐོ་ཤོས་བོད་ཀྱི་ཇོ་མོ་གླང་མའི་རི་རྩེར་འབྱོར་བའི་སྐབས་ཡ་མཚན་ཅན་གྱི་གློད་འོད་ཅིག་ཁོང་ཚོ་དང་མཉམ་དུ་བསྐྱོད་ཡོད་པ་མིག་མཐོང་བྱུང་ཡོད་པ་རེད།
རྒྱ་ནག་གཞུང་འབྲེལ་གསར་ཤོག་ཐོག་ལ་རི་འཛེགས་རུ་ཁག་གི་འགོ་ཁྲིད་ལི་ཀྲི་ཤིན་གྱིས་ཇོ་མོ་གླང་མའི་རི་གཤམ་གྱི་བབས་ཚུགས་སུ་གསར་འགོད་པར། རི་འཛེགས་པ་༡༩ ཡོད་པའི་རུ་ཁག་གིས་རེས་གཟའ་ཕུར་བུའི་ཉིན་ཨོ་ལིམ་ཕིག་རྩེད་འགྲན་གྱི་དཔལ་འབར་ཇོ་མོ་གླང་མའི་རི་རྩེར་འཁྱེར་ཏེ་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་སྐྲུན་ཡོད་པ་དང་། ཡིན་ནའང་སྐབས་དེར་ཁོང་ཚོའི་རུ་ཁག་གཅིག་པུ་མིིན་པར་སྐབས་དེར་མི་འགའ་ཤས་ཀྱིས་ཨོ་ལིམ་ཕིག་དཔལ་འབར་ཇོ་མོ་གླང་མའི་རི་རྩེར་འཁྱེར་བའི་བྱེད་སྒོ་བཀག་འགོག་བྱེད་ཐབས་ཀྱི་འབད་བརྩོན་བྱས་ཡོད་པའི་སྐོར་བཤད་ཡོད་པ་ལུང་འདྲེན་བྱས་ཡོད་པ་རེད། དབྱིན་ཇིའི་སྦི་སྦི་སི་གསར་འགོད་པ་ཞིག་གིས་བོད་ཀྱི་ཇོ་མོ་གླང་མའི་རི་གཤམ་གྱི་བབས་ཚུགས་ནས་ཀྱང་གནས་ཚུལ་ངོ་སྤྲོད་བྱས་པའི་ནང་། རྒྱ་ནག་གི་རི་འཛེགས་རུ་ཁག་གི་འགོ་ཁྲིད་ལི་ཀྲི་ཤིན་གྱི་འཕྲིན་གཏོང་དྲ་བའི་པར་ངོས་ཐོག་ལ་། ཇོ་མོ་གླང་མའི་རི་འཛེགས་ཀྱི་ཉེ་འཁྲིས་སུ་རྒྱ་ནག་གི་གོ་སྒྲིག་མ་བྱས་པའི་མི་གང་རུང་ཞིག་སླེབས་ཡོད་པའི་སྐོར་གྱི་གནས་ཚུལ་ཐེངས་དང་པོ་གོ་ཐོས་བྱུང་བའི་གནས་ཚུལ་བཀོད་ཡོད་པ་དང་བལ་ཡུལ་ནང་གི་རི་འཛེགས་པའི་གནས་ཚུལ་འབྱུང་ཁུངས་ཁག་ནས་རྒྱ་ནག་གི་ཨོ་ལིམ་ཕིག་རྩེད་འགྲན་གྱི་དཔལ་འབར་འཁྱེར་མཁན་གྱི་རི་འཛེགས་པས་མཐོང་བའི་ཡ་མཚན་ཅན་གྱི་སྒྲོན་མེ་དེའི་རྒྱབ་ཏུ་མི་སུ་ཡོད་མེད་ཀྱི་གནས་ཚུལ་ཞིབ་ཕྲ་འགྲེལ་བརྗོད་བྱས་མེད་པ་རེད།