ཨིན་ཇིའི་གསར་ལས་ཁང་དུ་བོད་སྐད་འཛུགས་ཐབས།

ཨིན་ཇིའི་སྐད་གྲགས་ཆེ་བའི་གསར་འགྱུར་ལས་ཁང་སྦི་སྦི་སི་ནང་བོད་སྐད་བརྙན་འཕྲིན་སྡེ་ཚན་གསར་པ་ཞིག་འཛུགས་རྒྱུའི་འབད་བརྩོན།

2011.10.09

༄༅༎ཨིན་ཇིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་བ་ཚོས་དབྱིན་ཇིའི་སྐད་གྲགས་ཆེ་བའི་གསར་འགྱུར་ལས་ཁང་སྦི་སྦི་སི་(BBC)ནང་བོད་སྐད་བརྙན་འཕྲིན་སྡེ་ཚན་གསར་པ་ཞིག་འཛུགས་རྒྱུའི་འབད་བརྩོན་གནང་རྒྱུའི་འཆར་གཞི་ཡོད་པ་རེད།
དེ་ཡང་ཨིན་ཇིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་བ་འཐུས་མི་ཁག་ཅིག་ད་རེས་ཕྱི་ཟླ་བཅུ་པའི་ཚེས་༣ ནས་༧ བར་ཉིན་གྲངས་ལྔའི་རིང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལྟི་གནས་བཞུགས་སྒར་རྡ་རམ་ས་ལར་འཚམས་འདྲིར་ཕེབས་ཏེ། བོད་མི་དམངས་སྤྱི་འཐུས་གྲོས་ཚོགས་སྐབས་༡༥ པའི་ཚོགས་དུས་གཉིས་པའི་ཐོག་གཟིགས་ཞིབ་ཏུ་ཕེབས་པ་དང༌། བཙན་བྱོལ་བོད་མིའི་སྲིད་སྐྱོང་མཆོག་དབུས་པའི་གནད་ཡོད་མཛད་གཙོ་རྣམ་པ་དང་མཇལ་འཕྲད་ཞུས་ཡོད་པ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུས་ཡོད་པ་རེད། དེ་ནས་ཕྱི་ཟླ་བཅུ་པའི་ཚེས་བདུན་འཚམས་འདྲི་ཉིན་མཐའ་མའི་སྐབས་སྐུ་ཚབ་འཐུས་མི་ཚོས་བོད་མི་དམངས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་མཉམ་ཞུགས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་ཡོད་པ་རེད། ཕྱི་ཚེས་༧ ཉིན་བོད་བང་ཆེན་དྲ་རྒྱའི་ཐོག་སྤེལ་བའི་གནས་ཚུལ་ནང། སྐབས་དེར་གསར་འགོད་ལྷན་ཚོགས་དེའི་ཐོག་ཨིན་ཡུལ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མཆོག་ནས་གཏམ་བཤད་སྤེལ་བའི་ནང༌། ད་རེས་ཕྱི་ཚེས་༤ ཉིན་ཁོང་རྣམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུས་པའི་སྐབས། བོད་ནང་གི་བོད་པའི་སློབ་ཕྲུག་ཨིན་ཇིའི་མཐོ་སློབ་ཁང་ནང་སློབ་གཉེར་བྱ་རྒྱུར་རྒྱ་རིགས་སློབ་གཉེར་བྱེད་མཁན་རྣམས་དང་གཅིག་མཚུངས་ཀྱི་མཐུན་འགྱུར་སྦྱར་ཐབས་ཞུ་རྒྱུ་དང༌། རྒྱ་ནག་མི་དམངས་དང་འབྲེལ་བ་བྱས་ཏེ་འདས་ཟིན་པའི་བོད་ཀྱི་གནས་སྟངས་རྣམས་རྒྱ་ནག་མི་དམངས་ཚོར་གོ་རྟོགས་སྤེལ་རྒྱུའི་ལས་དོན་སྤེལ་རྒྱུའི་གནད་དོན་གཙོ་བོ་དེ་གཉིས་ཐོག་བཀའ་བསྡུར་ཞུ་རྒྱུའི་གོ་སྐབས་བྱུང་བའི་སྐོར་གསུང་ཡོད་པ་དང་ཆབས་ཅིག་ཨིན་ཇིའི་BBC གསར་འགྱུར་ལས་ཁང་དེ་ནི་འཛམ་གླིང་ནང་སྐད་གྲགས་ཅན་ཞིག་ཏུ་ངོས་འཛིན་བྱེད་པ་བཞིན་གསར་འགྱུར་ལས་ཁང་དེའི་ནང་བོད་སྐད་བརྙན་འཕྲིན་སྡེ་ཚན་ཞིག་གསར་འཛུགས་ཐུབ་རྒྱུའི་འཆར་གཞི་ཡོད་ཀྱང་ལས་དོན་དེ་ལས་སླ་པོར་གྲུབ་ཐུབ་པའི་བྱ་བ་ཞིག་མིན་ནའང་ཁོང་རྣམ་པ་ཚོའི་ངོས་ནས་གང་ཐུབ་ཀྱི་འབད་བརྩོན་ཞུ་རྒྱུ་ཡིན་ཞེས་གསུང་ཡོད་པའི་བཀོད་ཡོད་པ་རེད། ཨིན་ཡུལ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་དབར་གྲོས་ཚོགས་ཀྱི་འཐུས་མི་ཕན་ཚུན་འཚམས་འདྲིར་འགྲོ་འོང་གིས་ཉམས་མྱོང་སྤེལ་རེས་ཀྱི་ལས་གཞི་དེ་༢༠༠༦ ནས་འགོ་བཙུགས་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎