ལོ་རྒྱུས་རང་བཞིན་ཅན་གྱི་སྔོན་འགྲོའི་འོས་བསྡུ།
2010.10.03
༄༅༎ད་བར་སྤྱི་འཐུས་ཀྱི་གྲངས་འབོར་གྱི་ཐོབ་ཁོངས་ནི་ཆོལ་ཁ་གསུམ་ནས་སྤྱི་འཐུས་བཅུ་རེ་དང་ཆོས་བརྒྱུད་བཞི་དང་གཡུང་དྲུག་བོན་བཅས་ལྔ་ནས་སྤྱི་འཐུས་གཉིས་རེ་དང་ ཡོ་རོབ་ཁུལ་ནས་སྤྱི་འཐུས་གཉིས་དང་བྱང་ཨ་རི་ནས་སྤྱི་འཐུས་གཅིག་བཅས་ཁྱོན་བསྡོམས་སྤྱི་འཐུས་༤༣ཡིན་པ་རེད།
འོན་ཀྱང་ལོ་མང་རིང་ཞུ་གཏུགས་གནང་བའི་འབྲས་བུར་ཉེ་དུས་སྤྱི་ཟླ་དགུ་པའི་ནང་སྐབས་བཅུ་བཞི་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་བཅུ་པའི་སྐབས་བྱང་ཨ་མ་རི་ཀའི་སྤྱི་འཐུས་ས་དམིགས་གཅིག་ལས་མེད་པ་དེ་གཉིས་ལ་འཕར་བསྣོན་གནང་བར་བརྟེན་འབྱུང་འགྱུར་སྐབས་བཅོ་ལྔ་པའི་སྤྱི་འཐུས་ཀྱི་གྲངས་འབོར་༤༤ཆགས་རྒྱུ་ཡིན་པ་རེད། ཆོལ་ཁ་གསུམ་གྱི་སྒྲིགས་འཛུགས་གཙོས་པའི་གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་དང་སྒེར་པ་ཁག་གིས་ སྤྱི་འཐུས་དང་བཀའ་བློན་ཁྲི་པའི་འོས་གཞི་སྔ་ནས་ནས་བཏོན་ཡོད་པ་ལྟར་བཀའ་བློན་ཁྲི་པའི་འོས་བསྡུར་མང་ཚོགས་ཀྱིས་སྔར་དང་མི་འདྲ་བའི་དོན་སྣང་གནང་གི་ཡོད་པ་མ་ཟད་ བཀའ་བློན་ཁྲི་པའི་འོས་གཞིར་བཞེངས་མཁན་ཡང་མི་ཉུང་བ་ཞིག་ཡོད་པ་དང་ཁག་ཅིག་གིས་རང་ཉིད་ཀྱི་བསྒྲགས་གཏམ་སྤེལ་བ་སོགས་དངོས་ཤུགས་བརྒྱུད་གསུམ་ནས་རང་ཉིད་ལ་རྒྱལ་ཁ་ཐོབ་པའི་ཆེད་དུ་ལས་འགུལ་ཡང་ད་བར་བྱུང་མྱོང་མེད་པ་སྤེལ་ཡོད་པ་དེས་ཐེངས་འདིའི་བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཀྱི་འོས་བསྡུ་འདི་བཞིན་ལོ་རྒྱུས་ཀྱི་རང་བཞིན་ལྡན་པ་ཞིག་ཏུ་གྱུར་རྒྱུར་ཐེ་ཚོམ་མེད་པ་རེད༎