༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ལ་སྲུང་བརྩི།
2011.07.07
༄༅༎༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ཉིན་མོར་མང་ཚོགས་ནས་འཚེ་མེད་ཞི་བའི་ལམ་ལ་བསྐྱོད་རྒྱུའི་དམ་བཅའ་བསླང་བའི་ཐོག་ནས་འཚམས་འདྲི་ཞུས་ཡོད་འདུག
ཁ་ས་ཚེས་དྲུག་ཉིན་མོ་འདི་ནི་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་ན། དགུང་གྲངས་བདུན་བཅུ་དོན་དྲུག་ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་མོ་ཡིན་པ་ལྟར་འདི་ག་རྒྱལ་ས་ཝ་ཤིང་ཀྲོན་མངའ་ཁུལ་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་དབུ་འཛུགས་ཀྱི་ས་ཕྱོགས་གྲུབ་གནང་བའི་རྗེས་སུ་་ཕྱིའི་རྒྱལ་ཁབ་འདྲ་མིན་བཞི་བཅུ་ཞེ་བརྒྱད་ཙམ་ནས་བཅར་བའི་མི་མང་སྟོང་ཕྲག་མང་པོའི་འདུ་འཛོམས་ཐོག་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་རེད། ཁ་སའི་མཛད་སྒོའི་སྐབས་ས་གནས་ཀྱི་སྤྱི་འཐུས་དང་། དེ་བཞིན་སྐྱེས་བུ་དམ་པ་གྷན་རྡིའི་ཚ་བོ་ཨ་རུན་ གྷན་རྡི་མཆོག་དང་། མི་རིགས་ནག་པོའི་འཐབ་རྩོད་གནང་མཁན་དྲོག་དྲར་མར་ཀྲིན་ལུ་ཐར་ཀིང་གསུམ་པའི་ཚ་བོ་རྣམ་གཉིས་ནས་༧གོང་ས་མཆོག་གི་རླབས་ཆེན་མཛད་འཕྲིན་ལ་བསྔགས་བརྗོད་དང་འབྲེལ་འཁྲུངས་སྐར་སྲུང་བརྩི་ཞུས་པ་་དང་ཆབས་ཅིག་༧གོང་ས་མཆོག་གི་དགོངས་གཞི་ལྟར་འཁྲུངས་སྐར་ཕྱག་རྟགས་་ཚུལ་དུ་ད་ནས་བཟུང་ང་ཚོས་འཚེ་མེད་ཞི་བའི་ལམ་གྱི་ཐོག་ལྟ་གྲུབ་འཛིན་རྒྱུའི་དམ་བཅའ་བཞག་པ་ཡིན་ན་དེ་ནི་ཕྱག་རྟགས་ཡག་ཤོས་དེ་རེད་ཅེས་གསུངས་གནང་ཡོད་པ་རེད། ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཕྱི་ནང་གཉིས་ཀྱི་མི་མང་ཚོར་དམིགས་བསལ་བོད་སྐད་ཐོག་ནས་བཀའ་གནང་བའི་ནང་། གཞོན་སྐྱེས་ཚོས་དེང་དུས་ཀྱི་ཤེས་ཡོན་ཐོག་སོ་སོའི་གོམས་གཤིས་བཟང་པོ་དེ་མི་ཉམས་རྒྱུན་འཛིན་དང་། ལྷག་པར་དུ་ནང་པ་སངས་རྒྱས་པའི་བསྟན་པ་ཉམས་སུ་ལེན་ཐབས་སུ་ཆོས་ཀྱི་གོ་རྟོག་གསལ་པོ་ཐུབ་པ་ཞིག་དགོས་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར་དང་། ལྷག་པར་དུ་ཉེ་ཆར་༧གོང་ས་མཆོག་བོད་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་ཆ་ཚང་བཞག་གནང་ཏེ་མི་མང་གི་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པའི་ཐུགས་འགན་འཁྱེར་གནང་རྒྱུ། དེ་དང་ཕྱོགས་མཚུངས་བོད་གཞུང་ཞེས་པའི་མིང་ཚིག་དང་། བོད་གཞུང་དགའ་ལྡན་ཕོ་བྲང་ཞེས་པ་སོགས་བཅའ་ཁྲིམས་ལ་བསྒྱུར་བཅོས་བཏང་གནང་མཛད་པ་དེ་ནི་དེ་སྔ་ལོ་མང་པོའི་གོང་ནས་དགོངས་གཞི་ཡོད་པ་ཞིག་དང་། ད་ཆ་བོད་མིའི་མང་གཙོའི་གོ་རྟོགས་ཡག་ཏུ་ཕྱིན་པ། དེ་བཞིན་གནས་ཚང་རྒྱ་གར་གཞུང་དང་། ཕྱི་ཕྱོགས་ནས་བོད་པའི་བདེན་དོན་སེལ་ཐབས་སུ་རྒྱབ་སྐྱོར་གནང་བདེ་བ་སོགས་རྒྱུ་མཚན་མང་པོ་ཞིག་དང་། མ་འོངས་པར་མཛད་དཀའ་མི་ཡོང་བ་སོགས་ཀྱིས་བསྒྱུར་བཅོས་བཏང་གནང་བ་ཞིག་ཡིན་པའི་སྐོར་གསལ་པོ་བཀའ་གནང་ཡོད་པ་རེད།
དེ་དང་ཕྱོགས་མཚུངས་ཕྱི་ནང་མི་རིགས་ཚང་མས་གཙོ་བོ་ནང་སེམས་ཀྱི་བདེ་སྐྱིད་སྐྲུན་ཐབས་བྱེད་དགོས་རྒྱུར་བྱམས་བརྩེའི་བསམ་བློ་ཞིག་ངེས་པར་དུ་དགོས་རྒྱུ་གལ་ཆེན་པོ་ཡིན་ལུགས། ཆོས་ལུགས་མཐུན་སྒྲིལ་སོགས་ཀྱི་སྐོར་བཀའ་གནང་ཡོད་བ་སོགས་གང་ལྟར་ཁ་སའི་མཛད་སྒོའི་སྐབས་མི་མང་ཚང་མས་དགའ་དད་སྤྲོ་གསུམ་གྱི་ངང་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཟབ་རྒྱས་ངང་ཞུས་ཡོད་པ་རེད།