ཀེམ་བོ་ཌི་ཡའི་གྲོས་ཚོགས་འཐུས་མིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད།
2012.03.30
༄༅༎རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཐའོ་དེ་རིང་ཕྱི་ཚེས་༣༠ཉིན་ཀེམ་བོ་ཌི་ཡའི་ནང་དུ་འཚམས་འདྲིར་འབྱོར་གྱི་ཡོད་པར་བརྟེན་ནས། འཚམས་འདྲིར་མ་འབྱོར་བའི་གོང་དེར་ཀེམ་བོ་ཌི་ཡའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་སོན་ཆེ་ཞུ་བས། རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་པའི་དྲག་གནོན་གྱི་སྲིད་ཇུས་ལ་སྐྱོན་བརྗོད་ཀྱི་ཡིག་འཕྲིན་ཞིག་བཏང་གནང་ཡོད་པ་རེད།
དེ་ཡང་སྐུ་ཞབས་སོན་ཆེ་ཡི་ཕྱི་ཟླ་གསུམ་པའི་ཚེས་༢༦ འཁོད་པའི་ཞུ་སྙན་ནང་དོན་དུ། རྒྱ་ནག་གཞུང་གིས་བོད་མིའི་ཐོག་མུ་མཐུད་ནས་དམ་བསྒྲཌ་ཀྱི་་སྲིད་ཇུས་ལག་བསྟར་བྱེད་པ་དེ་མུར་སྣང་མེད་དུ་འཇོག་ཐབས་མེད། བོད་མི་རྣམས་ནི་རང་མི་རིགས་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུའི་ཆེད་དུ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་རྩོད་ལེན་བྱེད་བཞིན་དེ་ནི་མི་འཚམ་པ་ཞིག་ག་ལ་ཡིན། སྲིད་འཛིན་མཆོག་གིས་བོད་ནང་དུ་འཛིན་བཞིན་པའི་དམ་བསྒྲཌ་ཀྱི་་བྱ་སྤྱོད་འཕྲལ་དུ་མཚམས་འཇོག་བྱས་ཏེ། བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་བརྩི་ཞུས་ཤིང༌། མགྱོགས་མྱུར་དུ་བཙན་བྱོལ་བོད་གཞུང་དང་ལྷན་དུ་འཆམ་མཐུན་གྱི་འབྲེལ་ལམ་གྱི་སྒོ་མོ་ཕྱེ་སྟེ། བོད་ཀྱི་སྐྱབས་མགོན་ཏྰ་ལའི་བླ་མ་མཆོག་དང་གྲོས་མོལ་གནང་བ་བརྒྱུད་བོད་མིའི་དཀའ་ངལ་སེལ་ཐབས་གནང་རོགས་ཞེས་བྲིས་གནང་ཡོད་པ་རེད། ད་དུང་ཡང་སྙན་ཞུ་དེའི་ནང་དུ། བོད་མི་ཚོས་རྒྱ་ནག་གཞུང་གི་དམ་དྲག་ཅན་གྱི་སྲིད་ཇུས་དེར་ངོ་རྒོལ་ཆེད་༢༠༠༩ ཕྱི་ཟླ་གཉིས་པ་ནས་ད་བར་དུ་བོད་མི་སུམ་ཅུས་རང་ལུས་མེ་བསྲེག་བཏང་སྟེ་ངོ་རྒོལ་བྱས་ཡོད་པ་མ་ཟད། དེ་དག་གི་ནང་ནས་ན་གཞོན་ལོ་ན་༡༨ ལ་སོན་པ་ཞིག་ཀྱང་ཡོད་པ་རེད། ཁོང་ཚོ་ནི་རྒྱ་ནག་གི་སྲིད་ཇུས་འོག་འུ་ཐུག་ཐབས་ཟད་ཀྱིས་རང་སྲོག་བློས་བཏང་སྟེ། བོད་མིའི་དཀའ་ངལ་རྣམས་འཛམ་གླིང་ཐོག་མཁྱེན་རྟོགས་ཡོང་ཐབས་བྱེད་བཞིན་ཡོད་པ་རེད་ཅེས་གསུང་ཡོད་པ་རེད།