ཛ་དྲག་གི་གནས་སྟངས།


2013.08.16
ཛ་དྲག་གི་གནས་སྟངས། ཡུལ་ཤུལ་ཁུལ་དགེ་འབྲོང་རྫ་སྟོད་རྫོང་དུ་རྒྱ་མི་གཏེར་ཁ་སྔོག་འདོན་བྱ་སར་ཛ་དྲག་གི་གནས་སྟངས།
བོད་ནས་བཏང་འབྱོར།

༄༅།    །ང་ཚོ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་གསལ་ལྟར་ན།    དེ་རིང་ཕྱི་ཟླ་༨ ཚེས་ ༡༦ཉིན་སླར་ཡང་ཁམས་སྟོད་ནང་ཆེན་ཡུལ་ཤུལ་དགེ་འབྲོང་རྫ་སྟོད་རྫོང་དུ་གཏེར་ཁ་སྔོག་འདོན་ལ་ངོ་རྒོལ་གནང་འདུག    དེ་ཡང་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་རྣམ་སྲས་ཤང་སྨད་མདོ་སྡེ་བའི་མོ་བའི་གངས་རྒྱ་ལྷ་སྲས་ཟེར་བའི་གནས་རི་དེར་གཏེར་ཁ་སྔོག་འདོན་ལ་ངོ་རྒོལ་བྱེད་མུས་ཡིན་པ་དང་དེ་རིང་ཚེས་༡༦ ཉིན་མི་དམངས་མང་ཚོགས་སྟོན་ཕྲག་ལས་མི་ཉུང་ཞིག་ནས་སླར་ཡང་ངོ་རྒོལ་བྱས་པར་བརྟེན།    དེ་རིང་ཞོགས་པ་སྔ་པོ་ནས་རྒྱ་དམག་རླངས་འཁོར་ཆེ་བ་༤༠ དང་། ཉེན་རྟོག་རླངས་འཁོར་འདྲ་མིན་༢༠ ཙམ་གོ་མཚོན་ཆ་ཚང་བའི་ཐོག་བོད་མི་ལ་དྲག་གནོན་བྱེད་པར་ཕྱིན་སོང་ཟེར་ནས་རྫ་སྟོད་ནས་ལས་བྱེད་ཞིག་ནས་བརྗོད་བྱུང་ཧ་ཅང་ཛ་དྲག་གི་གནས་སུ་ཡོད་འདུག
ཡང་བོད་ནས་གནས་ཚུལ་མཁོ་སྤྲོད་པ་གཞན་ཞིག་གིས་གསུང་ཡག་ལ།    མཚོ་སྔོན་ཡུལ་ཤུལ་ཁུལ་དགེ་འབྲོང་རྫ་སྟོད་རྫོང་ཁོངས་ཀྱི་ཨ་སྟོད་ཡུལ་ཚོ་དང་། སྤྱི་རྫ་ཡུལ་ཚོ། རྫ་ཆེན་ཡུལ་ཚོ་བཅས་སུ་རྒྱ་མི་གཏེར་ཁ་སྔོག་འདོན་པ་མང་པོ་འབྱོར་བར་ས་གནས་བོད་མི་ཚོས་གཏེར་ཁུལ་སྲུང་ནས་སྡོད་པ་དང་། མི་འདོད་ངོ་རྒོལ་བྱས་བའི་གནས་སྟངས་ཛ་དྲག་འགྱུར་ཉེན་ལ་སོང་། ཚེས་༡༦ཉིན་གཏེར་ཁུལ་ས་གནས་སུ་གློ་བུར་རྒྱ་ནག་གི་དྲག་ཆས་དམག་མི་རླངས་འཁོར་མང་པོ་འབྱོར་ནས་བསྡད་ཡོད་པ་དང་། ས་གནས་ནས་བོད་མི་ཞིག་གིས་བརྗོད་དོན། དྲག་ཆས་དམག་གི་རླངས་འཁོར་ཆེ་ཆུང་མང་པོ་འབྱོར་འདུག ཚོད་དམག་བྱས་ན་དམག་མི་དང་ཉེན་རྟོག་པ་༥༠༠ཙམ་ཡོད་ཚོད་འདུག ངས་མཐོང་དུས་ཁོང་ཚོས་སྒྲིག་ཆས་གྱོན་ནས་དྲག་ཆས་ཐོག་པ་དང་། རུ་སྒྲིག་ནས་ས་གནས་བོད་མི་ཚོར་འཇིགས་སྐུལ་དང་དྲག་གནོན་བྱེད་རྒྱའི་རྣམ་པ་འདུག་ཅེས་གསུངས་སོང་།
འོན་ཀྱང་རྫ་སྟོད་ས་གནས་སོ་སོའི་བོད་མི་ཚོས་རྡོག་རྩ་གཅིག་སྒྲིལ་གྱིས་གཏེར་ཁ་བརྐོ་མི་འཇུག་ཞེས་དམ་བཅའ་བརྟན་པོས་སྲུང་ཡོད་པ་དང་། ལྷག་པར་གཏེར་སྲུང་དམངས་ཚོགས་རྩ་འཛུགས་བྱས་ནས་གནས་རི་ཕྱོགས་ཁ་ཤས་ནས་སྲུང་བ་དང་། ས་གནས་འབྲེལ་ཡོད་ཚན་པར་མང་ཚོགས་ཀྱི་རེ་འདོད་ཡར་ཞུ་བྱེད་བཞིན་ཡོད་འདུག
གནས་ཚུལ་ལྟར་ན། ཡུལ་ཤུལ་དགེ་འབྲོང་རྫ་སྟོད་ཕྱོགས་སུ་གཏེར་ཁ་ཡོད་པ་ལོ་སྔོན་མ་ནས་ཤེས་རྟོགས་བྱུང་བ་དང་། ༢༠༡༢ ལོའི་ཕྱི་ཟླ་༧ ནང་རི་བོ་རྫ་ཆེན་དུ་གཏེར་བརྐོ་མང་པོ་འབྱོར་སྐབས་ས་གནས་མི་མང་གིས་ངོ་རྒོལ་དང་། བཀག་འགོག་བྱེད་ཐབས་བྱས་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎