རྒྱ་མི་རིགས་བོད་དུ་ཡོང་རྒྱུར་ཆ་རྐྱེན་བསྐྲུན་པ་རེད་ཟེར།
2012.07.20
ཉེ་ཆར་རྒྱ་ནག་གཞུང་གིས་བོད་ནང་དུ་ཡུལ་སྐོར་སྤྲོ་འཆམ་པ་མང་དུ་གཏོང་རྒྱུའི་ལས་གཞིར་ཊོ་ལར་ས་ཡ་མང་པོ་གཏོང་རྒྱུའི་འཆར་གཞི་གསལ་བསྒྲགས་བྱས་པ་དེ་ནི། རྒྱ་ནག་གཞུང་གི་གཡོ་ཇུས་དང༌། ལྷག་དོན་རྒྱ་ནག་ནས་བོད་དུ་འཕྲལ་སེལ་ལས་ཀ་འཚོལ་དུ་ཡོང་མཁན་རྒྱ་མི་རིགས་བོད་དུ་ཡོང་རྒྱུར་ཆ་རྐྱེན་བསྐྲུན་པ་རེད་ཅེས་གནས་ཚུལ་དབྱེ་ཞིབ་པས་གསུང་ཡོད་པ་ཕ་ཡུལ་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་འདུག
རེས་གཟའ་ཕུར་བུའི་ཉིན་བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས། རྒྱ་ནག་གཞུང་གིས་རྒྱ་ནག་སྐམ་ས་ཆེན་པོའི་རྒྱ་མི་རིགས་ཡུལ་སྐོར་སྤྲོ་འཆམ་པ་བོད་ནང་དུ་བསྐྱོད་རྒྱུར་སྒོ་མོ་ཕྱེ་ནས་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམཔ་་བཀག་འགོག་བྱས་པའི་སྲིད་ཇུས་ནི། རྒྱ་ནག་གཞུང་གིས། བོད་ནང་རྒྱ་མི་རིགས་མང་དུ་གནས་སྤོ་བྱ་རྒྱུའི་དམིགས་ཡུལ་ཡིན་པ་དང༌། ལྷག་དོན་རྒྱ་ནག་གཞུང་གིས་བོད་ནང་དུ་ཡུལ་སྐོར་སྤྲོ་འཆམ་པ་མང་དུ་གཏོང་རྒྱུའི་འཆར་གཞི་ཆེན་པོ་དེ་ནི། རྒྱ་མི་རིགས་ལ་ཕན་ཐོགས་བསྐྲུན་རྒྱུ་ལས། ས་གནས་བོད་མི་ཚོའི་ཆེད་དུ་མ་རེད། རྒྱ་ནག་གཞུང་གིས་གལ་ཏེ་བོད་ནང་དུ་ཡུལ་སྐོར་སྤྲོ་འཆམ་པ་ཡོང་བའི་དངུལ་གྱི་ཡོང་འབབ་རྣམས་ས་གནས་བོད་མི་ཚོར་ཕན་ཐོགས་ཡོང་རྒྱུའི་དམིགས་ཡུལ་ཡོད་ན། བོད་ནང་དུ་རྒྱ་མི་རིགས་ཡུལ་སྐོར་སྤྲོ་འཆམ་པ་ཡོང་དུ་བཅུག་པ་ཙམ་མ་ཡིན་པར་རྒྱལ་སྤྱིའི་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་ཡང་ཡོང་དུ་བཅུག་དགོས་ཀྱི་རེད། འོན་ཀྱང༌རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་བོད་དུ་ཡོང་རྒྱུར་བཀག་འགོག་བྱས་པ་དེ་ནི། རྒྱ་མི་རིགས་བོད་དུ་གནས་སྤོ་བྱ་རྒྱུའི་དམིགས་ཡུལ་རེད་ཅེས་གསུང་ཡོད་པ་རེད། ཉེ་ཆར་རྒྱ་ནག་གཞུང་གིས། བོད་ཀྱི་རྒྱལ་ས་ལྷ་སའི་ནང་དུ་ཡུལ་སྐོར་སྤྲོ་འཆམ་པ་འཕེལ་རྒྱས་གཏོང་རྒྱུར་ཨ་རིའི་ཊོ་ལར་ས་ཡ་༤ དང་གྲངས་ཆུང་༨ གྱི་འཆར་གཞི་དང༌། དེ་བཞིན་བོད་ཀྱི་ལྷོ་ཤར་ཉིང་ཁྲིར་ཨ་རིའི་ཊོ་ལར་ས་ཡ་༦༣ དང་གྲངས་ཆུང་༥ ཡི་འཆར་གཞི་གསལ་བསྒྲགས་བྱས་ཏེ། མ་འོངས་པའི་༢༠༡༥ ནང་དུ་ལོ་རེར་བོད་དུ་ཡུལ་སྐོར་སྤྲོ་འཆམ་པ་ས་ཡ་༡༥ ལྷག་ཡོང་རྒྱུའི་དམིགས་ཡུལ་འཛིན་གྱི་ཡོད་པ་རེད། རྒྱ་གར་གྱི་གྲོང་ཁྱེར་Chennai ནང་དུ་བཞུགས་པ་རྒྱ་ནག་ཐོག་ལ་ཞིབ་འཇུག་ལས་ཁང་གི་འགན་འཛིན་སྐུ་ཞབས་D.S. Rajan ཡིས། རྒྱ་ནག་གཞུང་གིས་བོད་ནང་དུ་ཡུལ་སྐོར་སྤྲོ་འཆམ་པ་འཕེལ་རྒྱས་ཐོག་ལ་ཊོ་ལར་ས་ཡ་མང་པོ་གཏོང་རྒྱུའི་གསལ་བསྒྲགས་བྱས་པ་དེ་ནི། དེང་སྐབས། བོད་ནང་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཏེ་རང་ལུས་མེ་བསྲེག་གཏོང་བའི་དོན་རྐྱེན་ལ་རྒྱལ་སྤྱིའི་ཐོག་ནས་དོ་སྣང་བྱེད་པ་དེ་ཁ་ལོ་བསྒྱུར་ཐབས་བྱེད་པའི་སྲིད་ཇུས་ཡིན་པ་གསུང་ཡོད་པ་རེད།