བོད་མི་སྟོང་ཚོ་བརྒལ་བས་མཁན་པོའི་ཆེད་ཞུ་འབུལ་བྱས་འདུག
2014.02.07

ནང་ཆེན་ཕྱོགས་སུ་བོད་མི་སྟོང་ཕྲག་བརྒལ་བས་ཡང་བསྐྱར་མཁན་པོ་ཀརྨ་ཚེ་དབང་གློད་བཀྲོལ་ཆེད་གཞུང་ལ་ཞུ་འབུལ་བྱས་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ཚེས་༥་ཉིན་ཁམས་ནང་ཆེན་གྱི་ཇ་པ་དགོན་པའི་ཉིན་ལྔའི་གལ་ཆེའི་སྨོན་ལམ་མཇུག་བསྒྲིལ་གྱི་ཉིན་ནང་ཆེན་དང་། སྐྱེ་རྒུ་མདོ། གཞན་ཡང་ཉེ་འཁོར་ས་ཁུལ་ཁག་ནས་ཕེབས་པའི་དད་ལྡན་བོད་མི་མང་ཚོགས་སྟོང་ཕྲག་ཁ་ཤས་ཀྱིས་ཇ་པ་དགོན་པའི་དོ་དམ་ལྷན་ཚོགས་དང་། དགོན་པའི་སྤྲུལ་སྐུ་ཀ་པད་མ་མཆོག་གི་མདུན་ལ་བཅར་ཏེ། རྒྱ་ནག་གཞུང་གིས་ཉེ་ལམ་འཛིན་བཟུང་བྱས་ནས་ཟླ་བ་གཉིས་ཏག་ཏག་ཕྱིན་པའི་ཇ་པ་དགོན་པའི་མཁན་པོ་ཀརྨ་ཚེ་དབང་མཆོག་གློད་བཀྲོལ་ཐད་རྒྱ་ནག་གཞུང་ནས་ད་བར་གསལ་བཤད་གང་ཡང་བྱུང་མེད་པའི་ཐད་དགོན་པའི་ཕྱོགས་ནས་དེར་རྣམ་འགྱུར་གསལ་སྟོན་དགོས་པ་དང་། གལ་ཏེ་དེ་ལྟར་མ་བྱུང་ཚེ་མཁན་པོ་ཀརྨ་ཚེ་དབང་མཆོག་ལ་དད་གུས་ཞུ་མཁན་མང་ཚོགས་ཀྱི་ངོས་ནས་མུ་མཐུད་ངང་སྒུག་བྱ་ཐབས་མེད་པའི་རྣམ་པ་གསལ་བཏོན་བྱ་རྒྱུ་ཡིན་ཞེས་ཞུ་འབུལ་གནང་ཡོད་པ་རེད་འདུག
ཞུ་འབུལ་ནང་བརྩེ་ལྡན་དབུ་ཁྲིད་རྣམས་ལ་ཞུ་ཡིག མཁན་པོ་ཀརྨ་ཚེ་དབང་རིན་པོ་ཆེ་མཆོག་གློད་བཀྲོལ་ཐད་རྫོང་རིམ་པའི་དབུ་ཁྲིད་དང་། ལས་དོན་མི་སྣར་རེ་ཞུ་གང་མང་ཕུལ་ཡང་དེར་ལན་གང་ཡང་གནང་མེད་པས་མཁན་རིན་པོ་ཆེ་ཁོང་ནི་དགོན་པའི་རྟེན་གཞི་ཉག་ཅིག་ཡིན་པས་ཁོང་གི་གནས་ཚུལ་མགྱོགས་མྱུར་ངང་ཤེས་རྟོགས་མ་བྱུང་ཚེ་བཤད་གྲྭ་འཛུགས་ཐུབ་པའི་རེ་བ་མེད་པ་མ་ཟད། ཁོང་གི་རེ་ལྟོས་བྱེད་པའི་སློབ་མ་དང་མི་མང་ཁྲོད་འབྱུང་འགྱུར་གྱི་གནས་ཚུལ་ཁག་ལ་ཁག་ཐེག་བྱེད་ཐབས་བྲལ་བའི་དཀའ་ངལ་དང་། ཟང་ཟིང་མང་རུ་འགྲོ་བའི་ཉེན་ཁ་ཡོད་པ་སོགས་བཀོད་ཡོད་པ་རེད། མཁན་པོ་ཀརྨ་ཚེ་དབང་མཆོག་ནི་མང་ཚོགས་ཀྱིས་དད་གུས་ཆེན་པོ་ཞུ་ཡུལ་ཞིག་ཡིན་པ་དང་། སྔ་ལོའི་ལོ་མཇུག་ཕྱི་ཟླ་༡༢་པའི་ཚེས་༡༠ ཉིན་ལ་མི་མང་སྟོང་ཕྲག་བཞི་ཙམ་གྱིས་མཁན་པོ་གློད་བཀྲོལ་དགོས་པའི་ཞུ་ཡིག་ལ་མཚན་རྟགས་དང་མཛུབ་ཐེལ་རྒྱབ་ནས་རྒྱ་ནག་གཞུང་ལ་ཕུལ་ཡོད་པ་རེད།
གསར་འགོད་པ་བློ་བཟང་ཡེ་ཤེས།