བལ་ཡུལ་སྲིད་བློན་གསར་པས་བཀའ་བློན་འདེམས་སྒྲུག་གནང་རྒྱུ།
2009.05.24
༄༅༎ཉེ་ལམ་འདེམས་ཐོན་བྱུང་བའི་བལ་ཡུལ་གྱི་སྲིད་བློན་གསར་པ་མ་ཧྰ་བདེ་ལྦ་ཀུ་མར་ནེ་པལ་མཆོག་གིས་ཀོང་རེསི་སྲིད་དོན་ཚོགས་པའི་དབུ་ཁྲིད་གི་རི་ཇྰ་པ་ར་སཌ་ཀོ་རི་ལྰ་དང་མཇལ་འཕྲད་གནང་སྟེ་བཀའ་བློན་འདེམས་སྒྲུག་གནང་ཕྱོགས་དང་སྲིད་གཞུང་གསར་པའི་ཐུན་མོང་གི་ལས་འཆར་འགོད་ཕྱོགས་སྐོར་བཀའ་བསྡུར་གནང་ཡོད་པ་རེད།
བལ་ཡུལ་གྱི་ཁྲིམས་བཟོའི་འཐུས་མིའི་ལྷན་ཚོགས་ཀྱིས་མ་ཧྰ་བདེ་ལྦ་ཀུ་མར་ནེ་པལ་མཆོག་སྲིད་བློན་དུ་རེས་གཟའ་སྤེན་པའི་ཉིན་མང་མོས་འོས་འདེམས་གནང་ཡོད་ཅིང་མའོའི་དམར་ཤོག་ཚོགས་པའི་འཐུས་མི་རྣམས་སྲིད་བློན་གསར་པའི་འོས་འདེམས་ཀྱི་གྲོས་ཚོགས་ལྷན་ཚོགས་སུ་ཚོགས་བཅར་མ་ཞུས་པར་ངོ་རྒོལ་གནང་ཡོད་པ་རེད།
གཞུང་འཛིན་ཚོགས་པ་ཁག་གི་ཆེས་མཐོའི་ཚོགས་ཆུང་ཞིག་གསར་འཛུགས་གནང་གཏན་འཁེལ་བ་ལྟར་སི་པི་ཨེན་དང་ཡུ་ཨེམ་ཨེལ་དམར་ཤོག་ཚོགས་པའི་དབུ་ཁྲིད་དང་སྲིད་བློན་གསར་པར་འདེམས་ཐོན་བྱུང་བ་མ་ཧྰ་བདེ་ལྦ་ཀུ་མར་ནེ་པལ་གྱི་ཚོགས་ཆུང་དེའི་ཚོགས་གཙོའི་ལས་གནས་ཀོང་རེསི་སྲིད་དོན་ཚོགས་པའི་དབུ་ཁྲིད་གི་རི་ཇྰ་པ་ར་སཌ་ཀོའི་རྰ་ལྰ་མཆོག་གིས་བཞེས་གནང་ཡོང་བའི་འབོད་སྐུལ་གནང་ཡོད་པ་རེད།
དེང་གི་ཆར་སྲིད་གཞུང་གསར་པའི་ཁོངས་སུ་ཡོད་པའི་སྲིད་དོན་ཚོགས་པ་ཁག་གིས་ཚོགས་པ་སོ་སོའི་གྲོས་ཚོགས་ནས་གྲོས་ཚོགས་ནང་འགོ་ཁྲིད་ཀྱི་མི་འགྲོ་གཏན་འཁེལ་བྱུང་མེད་པ་མ་ཟད་བློན་ཆེན་ལས་གནས་ཁག་གི་མི་འགྲོ་ཡང་གཏན་འཁེལ་མེད་པ་རེད།
ཡང་སྲིད་དོན་ཚོགས་པ་ནང་ཁུལ་ཕྱོགས་ཁག་འཐེན་འཁྱེར་གྱི་དཀའ་རྙོག་ཡོད་སྟབས་བལ་ཡུལ་གྱི་བློན་ཆེན་ལས་ཁུངས་ཁག་གི་བློན་ཆེན་རྒན་གཞོན་དང་ལས་རོགས་བཅས་ཁྱོན་ལས་གནས་སུམ་ཅུ་སྐོར་ལ་མི་སྣ་བསྐོ་གཞག་བྱ་རྒྱུར་དུས་འགོར་ཡོང་ངེས་ཡིན་པ་རེད༎