བལ་ཡུལ་རྒྱ་ནག་གཞུང་ཚབ་མདུན་ངོ་རྒོལ་དང་འཇུ་བཟུང་།


2014.03.10
བལ་ཡུལ་གྱི་རྒྱ་ནག་གཞུང་ཚབ་མདུན་ངོ་རྒོལ་བྱེད་མཁན་ཉེན་རྟོག་པས་འཇུ་བཟུང་བྱེད་བཞིན་པ། ༢༠༡༤།༣།༡༠ བལ་ཡུལ་གྱི་རྒྱ་ནག་གཞུང་ཚབ་མདུན་ངོ་རྒོལ་བྱེད་མཁན་ཉེན་རྟོག་པས་འཇུ་བཟུང་བྱེད་བཞིན་པ། ༢༠༡༤།༣།༡༠
པར། AFP

བལ་ཡུལ་གྱི་རྒྱལ་སར་ཡོད་པའི་རྒྱ་ནག་གཞུང་ཚབ་མདུན་ཞི་བའི་ངོ་རྒོལ་སྐད་འབོད་བྱེད་མཁན་གཙོས་བོད་མི་ཁག་གཅིག་འཇུ་བཟུང་བྱས་འདུག
དེ་ཡང་ཟླ་༣པའི་ཚེས༡༠བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཉིན་བལ་ཡུལ་ནང་དམ་བསྒྲཌ་ཡོད་མིན་ལ་མ་ལྟོས་པར་རྒྱལ་ས་ཀ་ཐ་མན་ཀྲོའུ་ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཡན་ལག་མཐོང་མཆན་ལས་ཁུངས་དང་། ཤིན་ཧ་གསར་ལས་ཁང་ཡོད་སར་གློ་བུར་བོད་མི་ཁག་གཅིག་རླངས་འཁོར་ནས་མཆོངས་བ་དང་། ལག་ལ་བོད་ཀྱི་རྒྱལ་དར་འཕྱར་བཞིན་བོད་རང་བཙན་ཡིན། རྒྱ་མི་བོད་ནས་ཕར་རྒྱུགས་ཤིག བོད་མི་ཚོར་རང་དབང་སྤྲོད་རོགས། མཉམ་སྦྲེལ་རྒྱལ་ཚོགས་ང་ཚོར་དྲང་བདེན་དགོས་ཟེར་བ་སོགས་ཀྱི་སྐད་འབོད་བྱེད་ཞོར་ལས་ཁུངས་སྒོ་ཆེན་ཕྱོགས་སུ་བསྐྱོད་སྐབས། མང་པོ་མ་འགོར་བར་དེར་སྔ་ས་ནས་སྒུག་སྡོད་བྱས་བསྡད་ཡོད་པའི་བལ་པོའི་ཉེན་རྟོག་མི་སྣ་འབྱོར་ཏེ་བོད་མི་དེ་རྣམས་འཛིན་བཟུང་བཙན་ཁྲིད་བྱས་འདུག
དེ་ལྟར་གནས་ཚུལ་རྩད་ཆོད་བྱུང་བ་ལྟར་ན། ཉིན་དེའི་དམ་དྲག་གི་གནས་སྟངས་འོག་ནས་བལ་ཡུལ་འཕགས་ཤིང་སྐོར་ལམ་ནས་ཉེན་རྟོག་པས་བཙུན་མ་བཞི་གློ་བུར་འཛིན་བཟུང་བྱས་པ་བཅས། སྔ་ཕྱིར་བསྡོམས་པས་མི་གྲངས་དགུ་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག
ཡང་ཟླ་བ་འདིའི་སྤྱི་ཚེས་༨ཉིན་རྒྱ་གར་དང་ས་འབྲེལ་བལ་ཡུལ་གྱི་མཐའ་མཚམས་ས་གནས་ Birjungཞེས་བ་ནས་བོད་མི་ཞིག་བལ་ཡུལ་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་དང་། སྐབས་དེར་ཁོང་ལ་བལ་ཡུལ་རྒྱལ་ནང་དུ་འཛུལ་ཞུགས་དང་འགྲུལ་བཞུད་ཆོག་པའི་ཁྲིམས་མཐུན་ཡིག་ཆ་གང་ཡང་སྟོན་རྒྱུ་མེད་པར་བརྟེན་བཀག་ཉར་འདྲི་རྩད་དང་མཉམ་ཉེན་རྟོག་པས་རྒྱལ་ས་ཀཱ་ཐ་མན་ཀྲོའུ་ཕྱི་མི་ཞིབ་བཤེར་ལས་ཁུངས་ལ་རྩིས་སྤྲོད་བྱས་ཡོད་འདུག གནས་ཚུལ་ངོ་སྤྲོད་པས་འདི་གར་བརྗོད་དོན། བོད་མི་ཁོང་ལ་རྒྱ་ནག་གི་ཕྱི་བསྐྱོད་ལག་འཁྱེར་ཡོད་པ་མཉམ་དུ་མ་འཁྱེར་བར་རྒྱ་གར་ལ་འགྲོ་བསྐྱོད་བྱས་སྐབས་འཛིན་བཟུང་བྱས་བ་ཡིན་པ་དང་། རྗེས་སུ་ཕྱི་མི་ཞིབ་བཤེར་ལས་ཁུངས་ལ་ཕྱི་བསྐྱོད་ལག་འཁྱེར་སོགས་བསྟན་ནས་གནས་ཚུལ་གསལ་བོ་བཟོས་རྗེས་ཕྱི་མི་ཞིབ་བཤེར་ལས་ཁུངས་ནས་ཁོང་ལ་བལ་སྒོར་གསུམ་སྟོང་གི་དཔལ་འབྱོར་གྱི་ཉེས་ཆད་བཏང་བ་དང་མཉམ་ཚེས་༩ཉིན་གློད་བཀྲོལ་བཏང་ཡོད་པ་དང་། ཁོང་ནི་ད་ལྟ་ལོ་ན་༥༠ཙམ་ཡིན་པའི་མཚོ་སྔོན་ཕྱོགས་ཀྱི་བོད་མི་ཞིག་ཡིན་པ་རེད།
སྤྱིར་བཏང་རྒྱ་ནག་གི་མངོན་ལྐོག་གཉིས་ཀྱི་གནོན་ཤུགས་ལ་བརྟེན་བལ་ཡུལ་གཞུང་གིས་དུས་རྒྱུན་རྒྱ་ནག་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པ་དང་མཉམ། བལ་ཡུལ་ནང་གི་བཙན་བྱོལ་བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་ཆེན་པོ་བྱེད་བཞིན་པ་མ་ཟད་། ལྷག་པར་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སླེབས་པར་ཉིན་ཤས་གོང་ནས་བལ་ཡུལ་གཞུང་གིས་བོད་མི་གནས་སྡོད་ས་གནས་གང་སར་དམ་དྲག་ཇེ་ཆེར་བཏང་ཡོད་པ་དང་། ཡུལ་དེའི་ནང་གི་ས་གནས་བོད་ཀྱི་གཞོན་ནུའི་ཚོགས་མི་དང་། བོད་དོན་དངས་བླངས་ལས་འགུལ་བ་སོགས་ཀྱིས་ལས་འགུལ་སྤེལ་བར་དོགས་ནས་དོགས་ཟོན་དང་རྗེས་འདེད་བྱེད་པ་སོགས་སུན་བཙུར་གྱི་དཀའ་ངལ་བཟོ་བཞིན་པ་རེད་འདུག    
གསར་འགོད་པ་དབྱངས་སྒྲོལ་དང་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎