རྒྱ་ནག་གཞུང་གིས་བོད་དོན་འཁྱོགས་བཤད་བྱེད་ཀྱི་འདུག
2014.01.21
ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ལགས་ཀྱིས་རྒྱ་ནག་གཞུང་གིས་ཆེད་མངགས་བོད་དོན་འཁྱོགས་བཤད་བྱེད་ཀྱི་ཡོད་པ་གསུངས་འདུག
དེ་ཡང་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ལགས་དེང་སྐབས་ཨའོསི་ཊརེ་ལི་ཡའི་ནང་ཕྱོགས་ཕེབས་གནང་བཞིན་ཡོད་པ་དང་། ཁོང་གིས་ཨའོསི་ཊརེ་ལི་ཡའི་རྒྱལ་ཡོངས་རླུང་འཕྲིན་ཁང་ལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་རྒྱ་ནག་ནས་ཁ་བྲལ་རྩོད་ཀྱི་མེད་ཀྱང་རྒྱ་ནག་གཞུང་གིས་བོད་མིའི་ལངས་ཕྱོགས་དེར་འཁྱོགས་བཤད་སྣ་ཚོགས་གནང་གི་ཡོད་པ་གསུངས་འདུག བདེ་སྐྱིད་ཆོས་དབྱངས་ལགས་ཀྱིས་གསུངས་དོན། ང་ཚོས་རྒྱ་ནག་ནས་རང་བཙན་རྩོད་ཀྱི་མེད། ང་ཚོར་རྒྱ་ནག་གཞུང་གིས་དངོས་ཡོད་རང་སྲིད་རང་སྐྱོང་གི་ཐོབ་ཐང་སྤྲད་ཚེ་རྒྱ་ནག་དང་མཉམ་དུ་སྡོད་རྒྱུའི་གྲོས་ཆོད་བཞག་ཡོད། འདི་ནི་ཧ་ཅང་གལ་འགངས་ཆེ་བའི་གནས་ཚུལ་ཞིག་ཡིན། སྟབས་མ་ལེགས་པ་ཞིག་ལ་རྒྱ་ནག་གཞུང་གིས་བོད་དོན་ཐད་འཁྱོགས་བཤད་དྲིལ་བསྒྲགས་ཤུགས་ཆེ་གནང་བཞིན་པའི་རྐྱེན་གྱིས་བོད་ཀྱི་གནད་དོན་ཐད་ཀྱི་གནས་ཚུལ་གསལ་པོ་མ་རྟོགས་མཁན་མང་དག་ཞིག་ཡོད་པ་རེད། རྒྱ་ནག་གཞུང་གིས་ང་ཚོས་བོད་རང་བཙན་རྩོད་ཀྱི་ཡོད་པ་དང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་བོད་རང་བཙན་རྩོད་ཀྱི་ཡོད་པ་སོགས་ཀྱི་དྲིལ་བསྒྲགས་བྱེད་ཀྱི་ཡོད་ཀྱང་དེ་ནི་བདེན་པ་རྩ་བ་ནས་མ་རེད་ཅེས་དང་། ཨའོསི་ཊརེ་ལི་ཡའི་མི་དམངས་ཚོར་གནས་ཚུལ་དེ་གསལ་པོ་མཁྱེན་རྟོགས་ཡོང་བ་བཟོ་རྒྱུ་ནི་ཧ་ཅང་ཆེན་པོ་ཡིན་པ་མ་ཟད། ལྷག་པར་དུ་ཨའོསི་ཊརེ་ལི་ཡའི་ནང་རྒྱ་རིགས་འབུམ་བརྒྱད་ཙམ་ཡོད་པ་དེ་དག་གིས་དངོས་ཡོད་གནས་ཚུལ་ཇི་ཡིན་ཤེས་པ་བཟོ་ཐབས་བྱ་རྒྱུ་ནི་ང་ཚོས་གལ་ཆེའི་ལས་འགན་ཞིག་ཏུ་ངོས་འཛིན་གནང་གི་ཡོད་ཅེས་གསུངས་འདུག
ད་དུང་ཡུལ་དེའི་རྒྱལ་ཡོངས་བརྙན་འཕྲིན་ABCཡིས་ཀྱང་བོད་དོན་དང་འབྲེལ་བའི་སྐོར་བཅའ་འདྲིར་དང་ལེན་གནང་ཡོད་པ་རེད།
གསར་འགོད་པ་སྐལ་ལྡན་བློ་གྲོས།
དེ་བཞིན་ཚེས་༢༠ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ལགས་སུ། ཨོ་སེ་ཀྲེ་ལི་ཡའི་ABC ཞེས་པའི་རྒྱལ་ཡོངས་བརྙན་འཕྲིན་ཁང་གིས་བཅར་འདྲི་སྐབས། བོད་ནང་ཕྱི་ལོ་༢༠༠༩ལོ་ནས་བཟུང་བོད་མི་ ༡༢༤ ཙམ་གྱིས་བོད་དོན་ཆེད་རང་ལུས་མེར་སྲེགས་བཏང་ཡོད་པ་དང་། དེའི་ནང་ནས་བོད་མི་༡༠༧ཙམ་གྱི་ཚེ་སྲོག་ཤོར་ཡོད་པ་རེད། དེ་ནི་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོའི་ཐོག་འཛིན་པའི་སྡུག་རྩུབ་ཅན་གྱི་སྲིད་བྱུས་ལ་བརྟེན་ནས་བྱུང་བ་ཡིན་ལུགས་དང་། ཁོང་ཚོས་རྒྱ་ནག་གི་གཏོང་འཛིན་འོག་ནས་བོད་ལ་རང་དབང་དགོས་བ་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ནང་ཕེབས་སུ་འཇུག་དགོས་བ། རྒྱ་རིགས་མང་པོ་བོད་ཀྱི་ས་ཁུལ་དུ་གནས་སྤོས་བྱེད་བཞིན་པ་དེས་བོད་ནང་གི་ས་གནས་གཞོན་སྐྱེས་ཚོར་ཤེས་ཡོན་དང་། འཚོ་བའི་གནས་སྟངས་ཡར་རྒྱས་གཏོང་རྒྱུར་གོ་སྐབས་ཞན་པོ་ཆགས་ཀྱི་ཡོད་པ་སོགས་ཀྱི་རྒྱུ་མཚན་གྱིས་ཡིན་ཚུལ་བརྗོད་འདུག
ད་དུང་རྒྱ་ནག་མཉམ་དུ་ཚོང་འབྲེལ་བྱེད་རྒྱུ་གལ་ཆེན་པོ་ཡིན་ནའང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། བོད་མིའི་འཚོ་བའི་གནས་སྟངས་ཡར་རྒྱས་གཏོང་ཐབས་སུ་བཀའ་མོལ་གནང་དགོས་རྒྱུའང་གལ་ཆེན་པོ་ཡིན་པའི་འབོད་སྐུལ་གནང་ཡོད་འདུག
གསར་འགོད་པ་རིག་འཛིན་ཆོས་སྒྲོན།