རྒྱ་གར་གྱི་སྲིད་བློན་ནས་འབྲུག་གི་གྲོས་ཚོགས་ཐོག་གསུང་བཤད་གནང་བ།
2008.05.17
༄༅༎ཁྱིམ་མཚེས་རྒྱལ་ཁབ་འབྲུག་གིས་རྒྱ་གར་ལ་ཡིད་ཆེས་གཙང་མ་གནང་ཆོག་ལུགས་རྒྱ་གར་གྱི་སྲིད་བློན་མཱན་མོ་ཧན་སིང་མཆོག་གིས་འབྲུག་གི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ཚང་འཛོམས་ལ་གསུང་བཤད་གནང་འདུག
འབྲུག་ཡུལ་གྱི་སྲིད་དབང་རྒྱལ་པོས་སྐྱོང་བཞིན་པར་བསྒྱུར་བཅོས་བཏང་སྟེ་འདི་ལོ་ཕྱི་ཟླ་གསུམ་པའི་ནང་འབྲུག་རྒྱལ་ཡོངས་ནང་གྲོས་ཚོགས་འོག་མའི་ཁྲིམས་བཟོའི་འཐུས་མི་འོས་བསྡུ་གནང་ཡོད་ཅིང་ གྲོས་ཚོགས་གོང་འོག་ཚང་འཛོམས་ཐོག་གསུང་བཤད་གནང་མཁན་རྒྱ་གར་གྱི་སྲིད་བློན་མཆོག་ཐོག་མ་དེ་ཆགས་ཡོད་པ་རེད་ འབྲུག་རྒྱལ་པོས་རང་འགུལ་ཐོག་ནས་སྲིད་དབང་བཤོལ་ཏེ་སྲིད་དབང་མི་མང་གི་འོས་བསྡུའི་ལམ་ནས་འདེམས་སྒྲུག་གནང་བའི་འཐུས་མིར་རྩིས་སྤྲོད་གནང་བ་ནི་ འབྲུག་པའི་ལོ་རྒྱུས་ནང་དོན་སྙིང་ལྡན་པར་འགྱུར་པ་རེད་ འབྲུག་པའི་གྲོས་ཚོགས་འོག་མ་ནི་ ཁྲིམས་བཟོའི་འཐུས་མི་ཡིན་ཞིང་ མི་མང་ནས་འོས་འདེམས་གནང་བའི་འཐུས་མི་གྲངས་བཞི་ཅུ་ཞེ་བདུན་ཡོད་པ་དང་ གྲོས་ཚོགས་གོང་མའི་ནང་འཐུས་་མི་ཉི་ཤུ་རྩ་ལྔ་ཡོད་པ་དེ་དག་ཡོངས་རྫོགས་ཕྱི་ཟླ་༥པའི་ཚེས་༨ཉིན་ཚང་འཛོམས་ཐོག་མ་དེ་གནང་ཡོད་པ་རེད་ རྒྱ་གར་གྱི་སྲིད་བློན་མཆོག་གིས་རེས་གཟའ་ཕུར་བུ་ཉིན་འབྲུག་རྒྱལ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་དང་མཇལ་འཕྲད་གནངཡོད་ཅིང་ ཁོང་ནི་ད་ལྟ་དགུང་ལོ་ཉི་ཤུ་རྩ་བརྒྱད་ཡིན་པ་རེད་ འབྲུག་ཡུལ་ནང་དཔལ་འབྱོར་གཞི་རྟེན་བརྟན་པོའི་འོག་མང་གཙོའི་རྩ་བ་བསྲ་བརྟན་བཙུགས་པའི་སྐབས་འདིར་ ང་ཚོས་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་ལ་མཉམ་སྦྲེལ་བྱ་རྒྱུ་རང་བཞིན་གྱི་གལ་འགངས་ཆེན་པོར་གྱུར་ཡོད་ཅེས་འབྲུག་རྒྱལ་མཆོག་གིས་གསུངས་གནང་འདུག།