༧གོང་ས་མཆོག་གིས་དཀའ་རྙོག་ཞི་འགྲིཊ་བྱེད་གལ་ཆེ་བ་གསུངས།

༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཀ་ཤི་མིར་གྱི་དཀའ་རྙོག་སེལ་ཐབས་སུ་གཙོ་བོ་གྲོས་མོལ་གྱི་ལམ་ནས་ཞི་འགྲིགས་ཡོང་ཐབས་བྱེད་གལ་ཆེ་བ་གསུངས་འདུག

2012.07.17

བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འདི་ཚེས་བཅུ་གཉིས་ཉིན་རྒྱ་གར་བྱང་ཕྱོགས་འཇའ་མུ་ཀ་ཤི་མིར་མངའ་སྡེའི་གྲོང་ཁྱེར་ཤཱི་རི་ན་གའི་ནང་ཆིབས་བསྒྱུར་གནང་ཡོད་པ་དང་། འདི་ཚེས་བཅུ་བཞི་ཉིན་ཁུལ་དེའི་ནང་གནས་སྡོད་བོད་པའི་ཁ་ཆེ་བའི་སློབ་གྲྭ་དང་། དེ་བཞིན་གཞིས་ཆགས་སུ་ཁ་ཆེའི་ཕྱག་འཚལ་ཁང་བཅས་པར་འཚམས་འདྲི་གཟིགས་བསྐོར་གནང་བས་མ་ཟད་མང་ཚོགས་དང་། སློབ་ཕྲུག་ཚོར་བླང་དོར་ལམ་སྟོན་གྱི་བཀའ་སློབ་སྩལ་གནང་ཡོད་འདུག་ལ་རྒན་རབས་ཁག་ཅིག་དང་ཡང་མཇལ་འཕྲད་གནང་ཡོད་པ་རེད། ཉིན་གྲངས་དྲུག་རིང་ཁུལ་དེར་བཞུགས་བཞག་གནང་རྒྱུའི་རིང་། འདི་ཚེས་བཅོ་ལྔ་ཉིན་མངའ་སྡེའི་སྲིད་སྐྱོང་སྟེང་ཞལ་དང་མཇལ་འཕྲད་གནང་ཡོད་པ་ནས་སྲིད་སྐྱོང་སྐུ་ཞབས་ཝོཧ་ར་མཆོག་དེ་སྔ་ཀང་ར་རྫོང་དཔོན་གནང་མྱོང་མཁན་ཞིག་དང་། ༧གོང་ས་མཆོག་མ་སུ་རིར་ཐོག་མར་ཞབས་སོར་འཁོད་པའི་སྐབས་མཇལ་འཕྲད་གནང་མྱོང་ཞིག་ཀྱང་ཡིན་པའི་ངོ་སྤྲོད་ཞུས་ཡོད་པ་རེད། རེས་གཟའ་ཉི་མའི་ཉིན་ཁུལ་དེར་ཡོད་པའི་ལ་དྭགས་བའི་སློབ་ཕྲུག་དང་། ལས་བྱེད་ཁག་ཅིག་ལ་མཇལ་ཁ་སྩལ་གནང་ཡོད་པ་རེད། ཡང་གསར་འགྱུར་བརྒྱུད་ལམ་ནང་གསལ་ལྟར་ན། ཁུལ་དེར་ཡོད་པའི་བོད་རིགས་ལིམ་བྷེ་མཚོ་མོ་ལགས་ནས། ད་རེས་༧གོང་ས་མཆོག་ཧར་ཝན་ས་གནས་སུ་ཆིབས་བསྒྱུར་གནང་རྒྱུ་དེ་ནི་ཧ་ཅང་སེམས་ཚོར་ཆེན་པོ་ཞིག་བྱུང༌། དེའི་རྒྱུ་མཚན་ནི་ས་གནས་འདིར་གནའ་བོའི་དུས་སུ་ནང་པའི་ལྷན་ཚོགས་ཐེངས་བཞི་པ་ཚོགས་ཡུལ་ཞིག་ཡིན་ཚུལ་བཤད་སྲོལ་ཡོད་པ་རེད་ཅེས་འགྲེལ་བརྗོད་བྱས་འདུག དེ་ནས་འཕྲོས་ཉིན་གྲངས་བཞི་ཙམ་རིང་སྐུ་ངལ་གསོས་གནང་རྒྱུ་ལས་དམིགས་བསལ་མཛད་འཆར་སོགས་གང་ཡང་མེད་པ་རེད། རིམ་པས་ཚེས་བཅོ་བརྒྱད་ཉིན་ལ་དྭགས་ཁུལ་ཆིབས་བསྒྱུར་གནང་གི་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཀ་ཤི་མིར་མངའ་ཁུལ་དུ་དེ་སྔ་ནང་བཞིན་ཟིང་ཆ་མེད་པར་ཞི་འཇམ་དུ་ཕྱིན་ཡོད་པ་དང་། མ་འོངས་པར་ཡང་དཀའ་རྙོག་ག་འདྲ་ཞིག་འཕྲད་ཀྱང་ཞི་འགྲིགས་ཀྱི་ལམ་ནས་དཀའ་རྙོག་སེལ་ཐབས་བྱེད་རྒྱུ་དེ་ནི་ཐབས་ལམ་ཡག་ཤོས་ཤིག་རེད་ཅེས་བཀའ་གནང་འདུག ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ད་རེས་གྲོང་ཁྱེར་ཤི་རི་ན་གྷའི་ནང་བཞུགས་གནས་མངའ་སྡེའི་མགྲོན་ཁང་དུ་ཡིན་པ་དང་། བཞུགས་གནས་མགྲོན་ཁང་དེའི་རྒྱབ་ལྗོངས་སྙན་གྲགས་ཅན་གྱི་Dal Lake ཞེས་ཡུལ་སྐོར་སྤྲོ་འཆམ་བསྐྱོད་ཡུལ་ལྟེ་གནས་ཤིག་ཀྱང་ཡིན་པ་རེད། འོན་ཀྱང་ད་བར་རྒྱ་ནག་གཞུང་ནས་༧གོང་ས་མཆོག་ཀ་ཤི་མིར་མངའ་སྡེའི་ནང་ཆིབས་བསྒྱུར་གནང་བ་དེའི་ཐོག་དམིགས་བསལ་གཏམ་བཤད་གང་ཡང་སྤེལ་མེད་པ་རེད་ཅེས་གསར་འགྱུར་བརྒྱུད་ལམ་ནང་བཀོད་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎