རྒྱ་ནག་གི་ཨ་སྒོར་འབུམ་གཅིག་ལ་འཕྱ་སྨོད།
2013.11.14
རྒྱ་ནག་གིས་ཧྥེ་ལེ་པིན་གནོད་ཐེབས་ས་ཁུལ་ལ་ངལ་སེལ་རོགས་སྐྱོར་ཆེད་ཨ་སྒོར་འབུམ་གཅིག་ལས་སྤྲད་མེད་པ་དེ་འཕྱ་སྨོད་བྱ་ཡུལ་དུ་གྱུར་ཡོད་འདུག
དེ་ཡང་ཧྤེ་ལེ་པིན་རྒྱལ་ནང་དུ་རྒྱ་མཚོའི་དྲག་རླུང་ཆེན་པོ་ཧའེ་ཡན་Haiyanཞེས་པ་དེ་བྱུང་ནས་མི་རྒྱུ་གཉིས་ལ་ད་བར་བྱུང་མ་མྱོང་བའི་གོད་ཆགས་ཚབས་ཆེན་བྱུང་བ་དང་། རྒྱ་གྲམ་དམར་པོ་རོགས་སྐྱོར་ཚོགས་པ་གཙོས་རྒྱལ་སྤྱིའི་ཐོག་ནས་མྱུར་སྐྱོབས་དང་། ངལ་སེལ་རོགས་སྐྱོར་གཏོང་ཕོད་ཆེན་པོས་སྤེལ་བཞིན་པ་རེད། ད་བར་རོགས་སྐྱོར་དངུལ་འབོར་ཆེ་ཤོས་ཨ་སྒོར་ས་ཡ༢༤མཉམ་སྦྲེལ་རྒྱལ་ཚོགས་ནས་གནང་ཡོད་འདུག དེའི་རྗེས་ཨ་མི་རི་ཀས་ཨ་སྒོར་ས་ཡ་༢༠དང་མྱུར་སྐྱོབས་རོགས་སྐྱོར་གནམ་ཐོག་དབོར་འདྲེན་བྱེད་བཞིན་པ་རེད། དབྱིན་ཇི་གཞུང་གིས་རོགས་སྐྱོར་ཨ་སྒོར་ས་ཡ་༡༦དང་། མཚོ་དམག་གི་གྲུ་གཟིངས་བཏང་ཡོད་འདུག ཉི་ཧོང་གིས་རོགས་སྐྱོར་ཨ་སྒོར་ས་ཡ་༡༠་དང་། ཡེ་ཤུའི་གདན་ས་ཆེན་མོ་ནས་ཨ་སྒོར་ས་ཡ་༤་དང་། ནེའུ་ཛི་ལེནྜི་ནས་ཨ་སྒོར་ས་ཡ་གཅིག་དང་འབུམ་བདུན་བཅས་རྒྱལ་ཁབ་མང་པོས་གཏོང་ཕོད་ཆེན་པོ་བྱེད་བཞིན་ཡོད་ཀྱང་། འཛམ་གླིང་གི་དཔལ་འབྱོར་སྟོབས་ཆེ་ཤོས་གཉིས་བ་རྒྱ་ནག་གིས་རོགས་སྐྱོར་ཨ་སྒོར་འབུམ་གཅིག་ལས་སྤྲད་མེད་པ་རེད། དེ་ནི་ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་གླིང་ཁག་གི་བདག་དབང་ཐད་རྒྱལ་ཁབ་མང་པོའི་དབར་རྩོད་རྙོག་ཡོད་པའི་ཁར་རྒྱ་ནག་དང་ཧྥེ་ལེ་པིན་བར་རང་བྱུང་གཏེར་རྫས་ཀྱིས་ཕྱུག་པའི་མཚོ་གླིང་ཁག་ཅིག་གི་བདག་དབང་ཐད་འཁོན་འཛིན་ཆེན་པོ་ཡོད་པ་དེ་ཡིན་པར་ངོས་འཛིན་བྱེད་བཞིན་པ་རེད༎
རྒྱ་ནག་གི་བྱེད་སྟངས་དེར་ཕྱི་ཕྱོགས་ནས་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་པ་དང་། ཨ་རིའི་དུས་བབ་ཞེས་པའི་དུས་དེབ་ཀྱིས། འཛམ་གླིང་ནང་དཔལ་འབྱོར་སྟོབས་ཆེ་ཤོས་ཀྱི་རྒྱལ་ཁབ་ཨང་གཉིས་པ་ཡིན་ཟེར་མཁན་རྒྱ་ནག་གཞུང་གིས། རང་བྱུང་གི་གནོད་འཚེ་ཚབས་ཆེ་ཕོག་ཡུལ་ཧྤེ་ལེ་པིན་ལ་སྤྲད་པའི་རོགས་དངུལ་དེ་ནི་དཔལ་འབྱོར་སྐྱོ་བའི་རྒྱལ་ཁབ་ཞིག་གི་རོགས་དངུལ་ལས་ཉུང་བ་ཡིན་པ་གནས་ཚུལ་སྤེལ་ཡོད་པ་དེས། རྒྱ་ནག་གཞུང་གི་དཔོན་རིགས་གསར་པ་ཚོར་རྒྱལ་སྤྱིའི་ཐོག་ལྟ་ཚུལ་མི་ལེགས་པ་འབྱུང་རྒྱུར་དོགས་ཟོན་ནས། གཟའ་ཕུར་བུའི་ཉིན་རྒྱ་ནག་གཞུང་གིས་གནོད་ཐེབས་ས་ཁུལ་ལ་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་ལྷག་གི་མ་རྩ་ཡོད་པའི་གུར་དང་། གྱོན་ཆས་སོགས་དགོས་ངེས་ཀྱི་དངོས་ཟོག་ཞལ་འདེབས་རྒྱག་རྒྱུ་ཡིན་ལུགས་བརྗོད་ཡོད་པ་རེད།
ཡིན་ན་ཡང་། རྒྱ་ནག་གི་དྲ་རྒྱ་ཁག་གི་ཐོག་རྒྱ་མི་མང་པོས་ཧྤེ་ལེ་པིན་ལ་རོགས་རམ་རྩ་བ་ནས་བྱ་དགོས་དོན་མེད་ལུགས་བརྗོད་ཀྱི་ཡོད་པ་དང་། ད་ཐེངས་རྒྱ་ནག་གིས་ཧྥེ་ལེ་པིན་གནོད་ཐེབས་ས་ཁུལ་ལ་ངལ་སེལ་རོགས་སྐྱོར་ཆེད་ཨ་སྒོར་འབུམ་གཅིག་ལས་སྤྲད་མེད་པ་དེ་ཕྱི་ནས་རྒྱལ་ཁབ་དང་། ཚོགས་སྡེ་ཁག་གིས་འཕྱ་སྨོད་བྱ་ཡུལ་དུ་གྱུར་ཡོད་འདུག
གསར་འགོད་པ་ཀརྨ་རྒྱ་མཚོ།