རྒྱ་ནག་གི་མ་འོངས་འགོ་ཁྲིད་ཀྱི་འཕོ་འགྱུར།
2012.07.03
རྒྱ་ནག་ནང་དཔོན་རིགས་འཕོ་འགྱུར་གྱི་ལས་འཆར་ཤུགས་ཆེ་ཞིག་འགྲོ་བཞིན་ཡོད་ཅིང༌། འབྱུང་འགྱུར་གྱི་ལོ་ལྔའི་རིང་ས་གནས་དང་གྲོང་ཁྱེར། རྫོང་དང་ཞིང་ཆེན་རིམ་པའི་འགོ་འཁྲིད་བསྐོ་བཞག་བྱེད་རྒྱུ་སོགས་ཀྱི་ལས་དོན་སྣ་ཚོགས་ཤིག་སྤེལ་བཞིན་ཡོད་པ་རེད།
དཔོན་རིགས་འཕོ་འགྱུར་གྱི་ལས་འཆར་བརྒྱུད་རིམ་དེའི་ཐོག་ནས་གཟའ་མིག་དམར་ཉིན་ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་པེ་ཅིང་གྲོང་ཁྱེར་སྤྱི་ཁྱབ་པ་ཀོའོ་ཅིན་ལུང་ལ་པེ་ཅིང་གི་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་འཁྲིད་གསར་པ་བསྐོ་བཞག་བྱས་པའི་གསལ་བསྒྲགས་བྱས་ཡོད་ཅིང༌། ཀོའོ་ཅཱིན་ལུང་ནི་རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཏའོའི་ཕྱོགས་གཏོགས་ཀྱི་མི་སྣ་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
ད་ལྟའི་རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ཏའོ་དང་སྲིད་བློན་ཝེན་ཇིའ་བའོ་གཙོས་པའི་དམར་ཤོག་ཚོགས་པའི་འགོ་འཁྲིད་ཆེ་ཁག་མང་ཆེ་བ་རྒས་ཡོལ་དུ་འགྲོ་གི་ཡོད་ཀྱང༌། ཁོང་ཚོ་སོ་སོའི་དབང་ཤུགས་གནས་ཐབས་ཆེད་རང་རང་སོ་སོའི་ཕྱོགས་གཏོགས་ཀྱི་མི་སྣ་གནད་ཡོད་ཀྱི་དཔོན་རིགས་ཁོངས་སུ་སླེབས་ཐབས་ཤུགས་ཆེ་བྱེད་བཞིན་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་ཡིད་ཆེས་བྱེད་བཞིན་ཡོད་པ་རེད།
ལོ་ན་ ༦༤ ཡིན་པ་ ཀོའོ་ཅིན་ལུང་་ འདི་ལོའི་ལོ་མཇུག་ཏུ་ཚུགས་སྲིད་པའི་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཐོག་རྒྱ་ནག་གི་སྲིད་དབང་ཐག་གཅོད་ཀྱི་དབང་ཚད་ངོ་མ་ཡོད་ས་ཏང་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་མིའི་གྲས་སུ་སླེབས་རྒྱུ་ངེས་པ་ཡིན་པར་ཚོད་དཔག་བྱེད་བཞིན་ཡོད་པ་རེད། ཀོའོ་ཅིན་ལུང་་ནི་ཕྱི་ལོ་ ༡༩༩༣ ལོ་ནས་ ༢༠༠༠་ཐམ་པའི་བར་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པ་ཡིན་ཞིང༌། དེ་ནས་ཕྱི་ལོ་ ༢༠༠༠ ཐམ་པ་ནས་ ༢༠༠༤ བར་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་བྱས་ཡོད་པ་རེད། གྲན་ཀུ་ཡེང་གིས་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་བྱས་པའི་རིང་བོད་མི་ཚོར་ཧ་ལས་པའི་བརྡབ་གསིག་ཆེན་པོ་བཟོས་པར་བརྟེན་ ་ གྲན་ཀུ་ཡེང་གི་བརྗེ་ཚབ་ཏུ་ཀོའོ་ཅིན་ལུང་སླེབས་པར་བོད་མི་ཚོར་ཕྲན་བུ་ཆབ་སྲིད་ཀྱི་ངལ་གསོ་ཐོབ་པ་ལྟ་བུ་བྱུང་ཡོད་པ་རེད།
རྒྱ་ནག་གི་ད་ལྟའི་འགོ་འཁྲིད་ཀྱི་ལས་ཡུན་དང་འགོ་འཁྲིད་འཕོ་འགྱུར་གྱི་ཁྲིམས་ལུགས་གཞིར་བཟུང་ལྟར་ན་ སྲིད་འཛིན་ཧུ་ཇིན་ཏའོའི་ཏང་གི་སྤྱི་ཁྱབ་དྲུང་ཆེའི་ལས་ཡུན་འདི་ལོ་རྫོགས་ཏེ་ཤི་ཇིང་པིང་ལ་ཏང་གི་སྤྱི་ཁྱབ་དྲུང་ཆེར་བསྐོ་བཞག་བྱ་རྒྱུ་དང༌། ཕྱི་ལོ་ ༢༠༡༣ ལོར་ ཧུ་ཇིན་ཏའོའི་སྲིད་འཛིན་གྱི་ལས་ཡུན་གཙང་སྟེ་ཤི་ཇི་པིང་རྒྱ་ནག་གི་སྲིད་འཛིན་བྱེད་རྒྱུ་ཡིན་པ་རེད།