གནས་ཚུལ་བཀོད་སྤེལ་མི་ཆོག་པའི་དམ་དྲག་བྱས་འདུག
2012.07.24
པེ་ཅིན་ནས་ཕྷརནསི་གསར་ལས་ཁང་གིས་གནས་ཚུལ་སྤེལ་དོན། བདུན་ཕྲག་སྔོན་མའི་གཟའ་སྤེན་པ་དང་ཉི་མའི་ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་གི་ནང་ཆུ་ལོག་གི་གནད་དོན་ཚབས་ཆེ་བྱུང་སྟེ་མི་གྲངས་ ༣༧ ཙམ་རྐྱེན་ལམ་ཕྱིན་པའི་གནས་ཚུལ་ཐོན་ཞིང༌། རྒྱ་ནག་ནང་གི་དྲ་རྒྱའི་ཟིན་བྲིས་ཐོ་འགོད་པ་ཚོས་རྒྱ་ནག་གཞུང་ལ་ཆུ་ལོག་ངན་སྐྱོབ་ཀྱི་ལས་དོན་ཚགས་ཚུད་མ་བྱུང་བ་དང་། པེ་ཅིང་གྲོང་ཁྱེར་གཞུང་གིས་གཞུང་འབྲེལ་གྱི་དྲ་རྒྱའི་ཐོག་ཆུ་ལོག་ངན་སྐྱོབ་ཆེད་མང་ཚོགས་ནས་རོགས་དངུལ་ཞལ་འདེབས་འདུ་ཐབས་བྱས་པ་སོགས་ལ་སྐྱོན་བརྗོད་བྱས་པའི་རྐྱེན་གྱིས་ཆུ་ལོག་དང་འབྲེལ་བའི་ཟིན་བྲིས་ཐོ་འགོད་ཡོངས་རྫོགས་ཕྱིར་བསྡུ་བྱས་ཡོད་འདུག།
པེ་ཅིང་གྲོང་ཁྱེར་གཞུང་གི་དྲིལ་བསྒྲགས་ཚན་པའི་འགན་འཛིན་ ལཱུ་ཝེཡིས་ གསར་འགོད་པ་ཚོས་ བསྟོད་པར་་འོས་པ་དང་མིག་ཆུ་འཁོར་བའི་བྱས་རྗེས་སོགས་ཀྱི་གནས་ཚུལ་བཀོད་སྤེལ་བྱེད་དགོས་པའི་བཀའ་རྒྱ་བཏང་ཡོད་འདུག་ཅིང༌། ཧོང་ཀོང་ནང་རྟེན་གཞི་བྱེད་པའི་རྒྱ་ནག་གི་དྲ་རྒྱའི་བརྒྱུད་ལམ་ཐོག་གཞུང་ཕྱོགས་ནས་སྟངས་འཛིན་བྱེད་ཕྱོགས་ཀྱི་གནད་དོན་ལ་ཞིབ་འཇུག་གནང་མཁན་ David Bandruskiས་ འདས་པའི་ཉིན་གྲངས་གཉིས་རིང་གཞུང་གི་སྟངས་འཛིན་བྱས་པ་མང་ཆེ་བ་ཆུ་ལོག་དང་འབྲེལ་བ་ཡོད་པའི་ཟིན་བྲིས་ཐོ་འགོད་ཀྱི་དྲ་རྒྱ་ཁག་ཡིན་པ་གསུངས་པ་དང༌། ཁོང་གིས་རྒྱ་ནག་གཞུང་གི་བྱ་སྤྱོད་དེ་ནི་ རིང་མིན་ཏང་གི་ཚོགས་ཆེན་ཐེངས་ ༡༨ འཚོགས་རྒྱུའི་གནད་དོན་དང་འབྲེལ་བ་ཡོད་སྲིད་པ་གསུངས་ཤིང༌། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དེ་ནི་ཆབ་སྲིད་ཀྱི་ཚོགས་འདུ་གལ་ཆེ་ཞིག་ཡིན་སྟབས་ མི་ཚོས་ས་གནས་སྲིད་གཞུང་གི་ལས་དོན་གཉེར་ཕྱོགས་ཐད་སྐྱོན་བརྗོད་ཆེན་པོ་བྱེད་བཞིན་པར་བརྟེན་སུས་ཀྱང་རང་ཉིད་ཀྱི་འགན་འཁུར་ནས་གཡོལ་ཐབས་བྱེད་བཞིན་ཡོད་པ་རེད་ཅེས་གསུངས་འདུག།
པེ་ཅིང་གྲོང་ཁྱེར་གཞུང་གི་ཆེས་མཐོའི་འགོ་འཁྲིད་ཚོས་གཟའ་ཟླ་བའི་ཉིན་ཛ་དྲག་གི་ཚོགས་འདུ་ཞིག་ཚོགས་པའི་སྐབས་ ད་དུང་ཡང་རྙེད་གསོན་མ་བྱུང་བའི་མི་ཚོ་འཚོལ་ཐབས་དང༌། རྙེད་སོན་བྱུང་བའི་ཕུང་པོ་དེ་དག་གི་ངོ་ཐག་མགྱོགས་མྱུར་ཆོད་ཐབས་བྱེད་དགོས་པ། དེ་བཞིན་གཞུང་ལམ་སླར་གསོ་བྱེད་རྒྱུ་སོགས་ཀྱི་ཐོག་འབད་པ་ཆེན་པོ་བྱེད་དགོས་སྐོར་བརྗོད་ཡོད་ཀྱང་། ཆུ་ལོག་གི་གོད་ཆགས་ཆེ་ཤོས་བྱུང་ཡུལ་གྱི་ས་གནས་ཁག་གི་མི་ཚོས་ས་གནས་ཀྱི་མི་དམངས་རོགས་རེས་ཀྱི་ཕུང་པོ་འཚོལ་ཞིབ་ཀྱི་ལས་དོན་གཉེར་བཞིན་ཡོད་པ་ལས་གཞུང་ནས་རོགས་རམ་གང་ཡང་མ་བྱུང་བ་ཕྷརནསི་གསར་ལས་ཁང་ལ་བརྗོད་འདུག།