བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༥།༢༦ ལོའི་སྔོན་རྩིས་གཏན་འབེབས་དང་འབྲེལ། སྐབས་ ༡༧ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༩ དབུ་འཛུགས།

2025.03.17
བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༥།༢༦ ལོའི་སྔོན་རྩིས་གཏན་འབེབས་དང་འབྲེལ། སྐབས་ ༡༧ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༩ དབུ་འཛུགས། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༩དབུ་འཛུགས་སྐབས། ༢༠༢༥།༠༣།༡༧ ཉིན།
CTA

ལོ་རེའི་འཆར་ཅན་ལྟར་བཞུགས་སྒར་རྡ་རམ་ས་ལར་ཟླ་ ༣ ཚེས་ ༡༧ ཉིན། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༢༥ དང་ ༢༦ ལོའི་སྔོན་རྩིས་གཏན་འབེབས་དང་འབྲེལ། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པ་དབུ་འཛུགས་གནང་ཡོད་ཅིང་། སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ནས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ཕེབས་རྒྱུ་དེ། བོད་བརྒྱུད་ནང་པའི་འགྲོ་སྟངས་ལྟར་ཐག་གཅོད་བྱེད་དགོས་པ་དང་།ལྷག་པར་ཡང་སྲིད་ནི་༧སྐུའི་གོང་མའི་མཛད་འཕྲིན་མཐའ་འཁྱོངས་གནང་མཁན་ཞིག་དགོས་པས། ཆབ་སྲིད་ཀྱི་དགོས་མཁོ་དང་འབྲེལ་ནས་ལག་པ་འཆང་ན། རྒྱལ་སྤྱིའི་སྤྱི་ཚོགས་དང་བོད་ནང་། ལྷག་པར་རྒྱ་ནག་མི་མང་གིས་དེ་ལ་ཡིད་ཆེས་མི་བྱེད་པ་གསལ་བོ་ཡིན་པར་བརྟེན། ང་ཚོས་༧གོང་ས་མཆོག་གི་ཡང་སྲིད་ཕེབས་ཕྱོགས་ཀྱི་ཐོག་མྱུར་པོ་དང་ཁ་གསལ་པོའི་སྒོ་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངོས་འཛིན་གསལ་བོ་ཡོང་ཐབས་བྱེད་དགོས་པ་གལ་ཆེན་རེད་ཅེས་གསལ་སྟོན་གནང་གི་འདུག

WhatsApp Image 2025-03-17 at 3.25.09 PM (1).jpeg
སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༩དབུ་འཛུགས་སྐབས། ༢༠༢༥།༠༣།༡༧ ཉིན།

རྩིས་ལོ་༢༠༢༥དང་༢༦ལོའི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས། འདི་ལོ་སྤྱི་ཡོངས་ཀྱི་ཆ་ནས་ཧིན་སྒོར་ས་ཡ་སུམ་སྟོང་དྲུག་བརྒྱ་བདུན་ཅུ་ལྷག་འཆར་འབུལ་ཞུས་ཡོད་པ་ནི། སྔར་ལོ་དང་བསྡུར་ན་ས་ཡ་སུམ་བརྒྱ་བཞི་བཅུ་ཞེ་བཞི་ཡིས་མང་བ་ཡོད་ནའང་། ཨ་མི་རི་ཀས་རོགས་དངུལ་བཀག་སྐྱིལ་བྱས་པ་ཧིན་སྒོར་ས་ཡ་དྲུག་བརྒྱ་ལྷག་ཅིག་ཡོད་པ་གཅོག་ཆ་གནང་ན། སྔོན་མ་ལས་ཉུང་བར་ཆགས་འགྲོ་རྒྱུ་ཡིན་པ་འགྲེལ་བརྗོད་གནང་གི་འདུག

གནད་དོན་དེ་འབྲེལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། ཐེངས་འདིར་སྔོན་རྩིས་འཆར་འབུལ་གྱི་སྐབས་སུ་རོགས་དངུལ་ཡོད་ཤག་གིས་འཆར་འབུལ་ཞུས་ཡོད་ཅིང་། ཨ་མི་རི་ཀའི་རོགས་དངུལ་ཆད་ཡོད་པར་བརྟེན་ད་རེས་གྲོས་ཚོགས་སུ་ནམ་རྒྱུན་དང་མི་འདྲ་བར་གཅོག་ཆ་མང་པོ་འབྱུང་ཡོད་ལ། དེ་འབྲེལ་གྱི་ལས་གཞི་མང་པོ་ཞིག་འཕྲལ་སེལ་རིང་བཀག་ཡོད་པས། གལ་ཏེ་རོག་དངུལ་བསྐྱར་གསོ་བྱུང་ན་མུ་མཐུད་བྱེད་རྒྱུ་དང་།ངེས་ཅན་དུ་འགྲོ་སོང་བཏང་དགོས་པ་མང་པོ་ཞིག་བཀའ་ཤག་གིས་ཐབས་ཤེས་བྱ་དགོས་པ་རེད་ཅེས་གསལ་སྟོན་གནང་གི་འདུག

WhatsApp Image 2025-03-17 at 3.25.09 PM.jpeg
སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༩དབུ་འཛུགས་སྐབས། ༢༠༢༥།༠༣།༡༧ ཉིན།

བྱང་ཨ་མི་རི་ཀའི་བོད་མི་མང་སྤྱི་འཐུས་བསྟན་འཛིན་འཇིགས་མེད་ལགས་ཀྱིས། ཨ་མི་རི་ཀའི་སྲིད་འཛིན་གྱི་ཐག་གཅོད་བཀའ་རྒྱ་ཁ་ཤས་བོད་མིའི་སྒྲིག་འཛུགས་ལ་ཐད་ཀར་འབྲེལ་བ་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལའང་འབྲེལ་བ་ཆགས་ཏེ། རང་བཞིན་གྱིས་བོད་དོན་འཐབ་རྩོད་ལ་འགོག་རྐྱེན་ཞིག་ཏུ་གྱུར་ཡོད་པས་སེམས་གསོ་ཞུ་བཞིན་པ་དང་། གལ་ཆེ་ཤོས་ནི་ང་ཚོས་ཕྱི་རྒྱལ་གྱི་རོགས་དངུལ་ལ་བརྟེན་བསྡད་པ་ལས་རང་ཁ་རང་གསོ་བྱེད་ཐབས་ལ་འབད་དགོས་གལ་ཆེ་བ་ཡིན་ཞེས་འགྲེལ་བརྗོད་གནང་གི་འདུག

ཟླ་༣པའི་ཚེས་༡༧ནས་༣༡བར་ཉིན་གྲངས་བཅུ་གསུམ་རིང་འཚོག་བཞིན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་༩པའི་སྟེང་། སྔོན་རྩིས་གཏན་འབེབས་ཀྱི་ཁར་ཁྲིམས་བཟོའི་ལས་དོན་དང་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་བགྲོ་གླེང་། གཞུང་འབྲེལ་རྗེས་དྲན་དང་མྱ་ངན་གུས་འདུད་ཀྱི་གྲོས་འཆར། མང་ཚོགས་རྩིས་ཁྲ་ཚོགས་ཆུང་གི་སྙན་ཐོ་སྙན་སྒྲོན་དང་ཐུགས་སྣང་གཞེན་སྐུལ་གྱི་གྲོས་འཆར་ཁག་ཅིག་སོགས་ཡོང་གི་ཡོད་པ་རེད།

གསར་འགོད་པ། བློ་བྷེ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎