པེ་ཅིང་དུ་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་འཛིན་བཟུང་བྱས་འདུག
2008.08.13
༄༅༎དེ་རིང་རེས་གཟའ་ལྷག་པའི་ཉིན་དགུང་ཆུ་ཚོད་བཅུ་གཉིས་དང་ཕྱེད་ཀ་ཙམ་ལ་པེ་ཅིང་དུ་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཡུལ་ལྟེ་གནས་ཀྱི་ཉེ་འཁྲིས་སུ་ཆགས་པའི་མི་རིགས་འདྲ་མིན་གྱི་འགྲེམས་སྟོན་བྱེད་ཡུལ་གྱི་སྤྱི་གླིང་ཞིག་གི་རྒྱལ་སྒོའི་འགྲམ་དུ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་ལྔས་སོ་སོའི་རྐང་འཁོར་གཅིག་ལ་གཅིག་མཐུད་ནས་བོད་རང་བཙན་ཡིན་ཞེས་འབོད་སྒྲ་སྒྲོགས་ནས་བོད་ཀྱི་རྒྱལ་དར་དང་ཕྲེད་དར་སོགས་འཁྱེར་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག དེ་དང་ཕྱོགས་མཚུངས་སྤྱི་གླིང་དེའི་ཟམ་པའི་སྟེང་ཚོགས་མི་གཉིས་ཀྱིས་བོད་རང་བཙན་ཞེས་བརྗོད་ཚིག་འཁོད་པའི་ཕྲེད་དར་དཔྱངས་ཡོད་པ་རེད། ཁོང་ཚོ་ཚང་མས་བོད་རང་བཙན་དང༌། བོད་མི་ཚོས་རང་དབང་ཆེད་སྲོག་འགྲོ་གི་ཡོད་རེད་ཅེས་འཁོད་པའི་སྟོད་གོས་གྱོན་ཡོད་པ་བཅས་གང་ལྟར་ཚོགས་མི་བརྒྱད་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་མ་ཐག་ཉེན་རྟོག་མི་སྣས་ཁོང་རྣམས་འཛིན་བཟུང་གིས་དོ་དམ་བྱས་ཡོད་པ་རེད། ལྷག་པར་དུ་ལས་འགུལ་སྤེལ་མཁན་དེ་དག་ལ་གནས་ཚུལ་བཀོད་མཁན་དབྱིན་ཇིའི་ཨ་ཡེ་ཀྲི་ཨེན་ཞེས་པའི་བརྙན་འཕྲིན་ལས་ཁང་གི་པར་པ་ཇོན་རེ་ཞེས་པ་དེ་ཡང་ཉེན་རྟོག་མི་སྣས་འཛིན་བཟུང་གིས་མོ་ཊའི་ནང་འཁྲིད་ཕྱིན་འདུག འོན་ཀྱང་ཁོ་པ་ལམ་སེང་གློད་བཀྲོལ་བཏང་ཡོད་འདུག གོང་ཞུས་གསར་འགོད་པ་ཇོན་རེས་གནད་དོན་འདིའི་སྐོར་ཨ་ཡེ་ཀྲི་ཨེན་བརྙན་འཕྲིན་ལས་ཁང་དུ་ངོ་སྤྲོད་གནང་དོན་ལ། གུས་རང་ཧང་སང་དགོས་པ་ཞིག་ལ་ཉེན་རྟོག་དམག་མིས་དྲག་ཤུགས་ཧ་ཅང་ཆེན་པོའི་ཐོག་ནས་སྟངས་འཛིན་བྱེད་ཀྱི་འདུག་པ་དེ་ནི་ཐོག་མར་རྒྱ་ནག་གཞུང་ནས་ཨོ་ལིམ་པིག་རྩེད་འགྲན་མགྲོན་བདག་བྱེད་པའི་སྐབས་གསར་འགོད་རང་དབང་ཆ་ཚང་སྤྲོད་རྒྱུའི་ཁས་ལེན་བྱས་པ་དང་ལོགས་སུ་འགལ་བའི་བྱ་སྤྱོད་ཅིག་རེད་ལ་ངའི་ཐོག་བྱ་སྤྱོད་བྱེད་སྟངས་ལ་ཧ་ཅང་བློ་ཕམ་དང་དེ་ནི་མི་འཚམས་པའི་བྱ་སྤྱོད་ཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས་འདུག དེ་བཞིན་ཁོང་ལ་རྒྱ་མིའི་ཉེན་རྟོག་པ་ཞིག་ནས་འཛིན་བཟུང་བྱེད་པའི་སྐབས་ཁྱེད་རང་བོད་ཀྱི་ཐོག་བསམ་ཚུལ་ག་རེ་ཡོད་དམ་ཞེས་དབྱིན་སྐད་ཐོག་ནས་འདྲི་བརྩད་བྱས་པའི་སྐབས་ཁོང་གིས། ང་གསར་འགོད་པ་ཞིག་ཡིན་པས་བོད་ཀྱི་ཐོག་བསམ་ཚུལ་གང་ཡང་མེད་ཅེས་གསར་འགོད་པའི་ལག་འཁྱེར་ཆ་ཚང་ངོ་སྤྲོད་བྱས་ཡོད་ལུགས་གསུངས་ནས་གང་ལྟར་རྒྱ་ནག་གཞུང་ནས་གསར་འགོད་པའི་ཐོག་བྱ་སྤྱོད་ལ་སྐྱོན་བརྗོད་ཤུགས་ཆེ་བྱས་འདུག ཁོ་པ་པེ་ཅིང་ནང་ལོ་མང་རིང་ནས་གསར་འགྱུར་ལས་ཁང་དེའི་ལས་ཀ་བྱེད་མཁན་ཡིན་པ་དང༌། འདིའི་སྐོར་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་ལ་སྙན་སེང་ཞུས་ཡོད་སྟབས་ཞིབ་འཇུག་གནང་མུས་ཡིན་འདུག།