བོད་ནང་གི་གནས་སྟངས་དང་རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་བསྟུན་པའི་འཆར་གཞི་སྒྲིག་སྟངས་ཀྱི་སྐོར། གཏན་འཇགས་ཐབས་བྱུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་བདུན་པའི་སྟེང་གོ་བསྡུར་གནང་ཡོད་པ།
བོད་མིའི་སྒྲིག་འཛུགས་ཀྱི་གཏན་འཇགས་ཐབས་བྱུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༧ པའི་ཐོག་བོད་ནང་གི་གནས་སྟངས་མཚོན་པའི་རྒྱ་ནག་དང་། རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་བསྟུན་བོད་དོན་ཐོག་གོ་སྐབས་ཇི་ཡོད་ཐོག་གོ་བསྡུར་གནང་འདུག
དེ་ཡང་བཀའ་ཤག་སྐབས་བཅུ་དྲུག་པ་སླེབས་པ་ནས་བཟུང་དེ་སྔའི་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་ཕྱིར་བསྡུ་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཀྱི་གཏན་འཇགས་ཐབས་བྱུས་འཆར་འགོད་ཚོགས་ཆུང་ཆེད་འཛུགས་གནང་སྟེ། ལོ་རེ་བཞིན་ཚོགས་ཆུང་གིས་འཆར་ཅན་ཚོགས་འདུ་ཐེངས་མ་གཉིས་རེ་གནང་ལམ་ཡོད་པ་བཞིན། འདི་ལོ་གཏན་འཇགས་ཐབས་བྱུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་བདུན་པ་དེ་བཞིན། སྤྱི་ཟླ་༤ པའི་ཚེས་ ༩ ནས་ ༡༡ བར་ཉིན་མ་གསུམ་རིང་འཚོགས་ཡོད་པའི་སྟེང་། བོད་ནང་གི་གནས་སྟངས་དང་། རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་སྐོར་བཀའ་བསྡུར་བརྒྱུད། དེ་ཚོའི་ཐོག་ལག་ལེན་དང་འཆར་གཞི་སྒྲིག་སྟངས་ཀྱི་ཐད་གོ་བསྡུར་ལྷུ་པོ་གནང་ཡོད་པ། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་དང་ཨ་མི་རི་ཀའི་དབར་དེང་སང་ཚོང་དམག་ལངས་ཏེ་ཕན་ཚུན་གྱི་ཕྱིར་གཏོང་ཚོང་རྫས་ལ་སྒོ་ཁྲལ་སྤར་རེས་ཤུགས་ཆེར་འབྱུང་བཞིན་པར་བརྟེན། རྒྱལ་སྤྱིའི་ཆབ་སྲིད་ལ་འགྱུར་བ་འགྲོ་བཞིན་པ་དེར་ཚོད་དཔག་གོ་བསྡུར་མ་གཏོགས། ང་ཚོ་རང་གིས་ཐག་ཆོད་པའི་གོམ་པ་སྤོ་སྟངས་ཐུགས་ཐག་ཆོད་པ་དམིགས་བསལ་མེད་པ་དང་། ཨ་མི་རི་ཀའི་གཞུང་གསར་པ་ཕེབས་པ་ནས་འགྱུར་བ་མང་པོ་གཏོང་བཞིན་པ་དང་། ལྷག་པར་ཚོང་དོན་གྱི་འགྱུར་བ་འགྲོ་བཞིན་པ་སྤྱི་དང་ཁྱད་པར་ཨ་རི་དང་རྒྱ་ནག་གི་འབྲེལ་བའི་སྟེང་དོ་སྣང་གོ་བསྡུར་བྱུང་ཡོད་ཅེས། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ནས་མུ་མཐུད་འགྲེལ་བརྗོད་གནང་བྱུང་།
སྤྱི་ཚེས་ ༡༡ ཉིན་མཇུག་སྒྲིལ་བའི་བོད་མིའི་སྒྲིག་འཛུགས་ཀྱི་གཏན་འཇགས་ཐབས་བྱུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་བདུན་པའི་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དབུས་པའི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་ལགས། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་ལགས། བདེ་སྲུང་དྲུང་ཆེ་ཀརྨ་རིན་ཆེན་ལགས། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས། བཀའ་ཤག་གི་ཆབ་སྲིད་དྲུང་ཆེ་བཀྲ་ཤིས་རྒྱ་མཚོ་ལགས་བཅས་ཚོགས་ཆུང་གི་ཚོགས་མི་རྣམས་དང་། ཚོགས་ཆུང་གི་སློབ་སྟོན་པ་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་བསྐལ་བཟང་རྒྱལ་མཚན་ལགས་དང་། བཀའ་ཟུར་བསྟན་པ་ཚེ་རིང་ལགས། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་བཅས་ཚོགས་ཞུགས་གནང་ཡོད་པ་རེད། །
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།