རྒྱ་ནག་གི་སྟོབས་ཤུགས་རྣམ་པར་མངོན་ཐབས་ཀྱི་དུས་དྲན།
2009.09.29
༄༅༎རྒྱ་ནག་གི་གསར་བརྗེའི་འགོ་ཁྲིད་པ་མའོ་ཙེ་ཏུང་གིས་ཕྱི་ལོ་༡༩༤༩ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་གསར་འཛུགས་བྱས་ཏེ་འདི་ལོ་མི་ལོ་དྲུག་བཅུ་འཁོར་བའི་དུས་དྲན་དེ་ནི་རྒྱ་ནག་ཕྱོགས་ནས་འཛམ་གླིང་ནང་དུ་རྒྱ་ནག་གི་སྟོབས་ཤུགས་ཀྱི་རྣམ་པ་དྲིལ་བསྒྲགས་ཀྱིས་དུས་དྲན་སྲུང་བརྩི་ཞུ་རྒྱུ་ཡིན་པ་རེད།
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ཏེ་མི་ལོ་དྲུག་བཅུ་འཁོར་བའི་ཉིན་མོ་དེ་ནི་རེས་གཟའ་ཕུར་བུའི་ཉིན་འཁེལ་ཡོད་ཅིང་རྒྱ་ནག་ནི་མི་དམངས་བཅིངས་འགྲོལ་ཟེར་བ་དམག་མིའི་གྲངས་འབོར་ས་ཡ་གཉིས་དང་གྲངས་ཆུང་གསུམ་ཡོད་པ་དེ་ནི་འཛམ་གླིང་ནང་ནས་དམག་མིའི་གྲངས་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཡིན་པ་དང་རེས་གཟའ་ཕུར་བུའི་རྒྱལ་དོན་དུས་ཆེན་གྱི་མཛད་སྒོ་ཉིན་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་རུ་སྒྲིག་གཏོང་རྒྱུ་དང་དམག་མིའི་རུ་སྒྲིག་གི་བྱེད་སྒོ་དེ་ནི་འདས་པའི་མི་ལོ་བཅུ་ཕྲག་གཅིག་རིང་གི་རྒྱལ་དོན་དུས་ཆེན་སྐབས་མཚམས་འཇོག་བྱས་ཏེ་འདི་ལོ་བསྐྱར་གསོ་བྱས་པ་ཞིག་ཡིན་པ་རེད། དེ་རིང་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་ཟེར་བའི་མགྲིན་ཚབ་པ་དམག་སྤྱི་ཀའོ་ཅང་གུའོ་ཡིས་ཕེ་རན་སི་གསར་འགྱུར་ལས་ཁང་ལ་བཤད་དོན་ལ་ད་རེས་ཀྱི་རྒྱལ་དོན་དུས་ཆེན་དེའི་སྐབས་ལ་དམག་མིའི་རུ་སྒྲིག་ཙམ་མ་ཡིན་པར་རིན་གོང་ཆེ་བའི་གོ་མཚོན་དཔེར་ན་མེ་ཤུགས་འཕུར་མདེལ་གྱི་རྒོལ་རྡུང་ལ་ཁ་གཏད་གདོང་ལེན་བྱེད་ཐུབ་མཁན་གྱི་གོ་མཚོན་སོགས་གཞི་རྒྱ་ཆེ་བའི་གོ་མཚོན་རིགས་དང་དེའི་ནང་ནས་གོ་མཚོན་ཁག་ལྔ་བཅུ་ལྷག་ནི་གསར་པ་ཡིན་པ་དང་ཡོངས་རྫོགས་རྒྱ་ནག་ནང་བཟོ་སྐྲུན་བྱས་པ་ཤ་སྟག་ཡིན་པ་བཤད་ཡོད་པ་རེད། ཡིན་ནའང་རྒྱལ་དོན་དུས་ཆེན་དེའི་ཆེད་དུ་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་དུ་ན་ནིང་ཕྱི་ལོ་ཉིས་སྟོང་བརྒྱད་ལོར་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་སྐབས་ཀྱི་སྲུང་སྐྱོབ་དམ་བསྒྲགས་ལས་གཞི་རྒྱ་ཆེ་རུ་བཏང་སྟེ་པེ་ཅིང་གི་སྲང་ལམ་གང་སར་དམག་མི་འཕར་སྣོན་འགྲེམས་འཇོག་བྱས་ཡོད་པ་མ་ཟད་ལྷག་པར་དུ་བོད་དང་ཤིན་ཅང་ལྟ་བུའི་ས་ཁུལ་ནང་དུ་ཕྱི་རྒྱལ་གསར་འགོད་པ་དང་ཡུལ་སྐོར་སྤྲོ་འཆམ་པ་འགྲོ་བསྐྱོད་ལ་དམ་བསྒྲགས་བྱས་ཏེ་རྒྱ་ནག་གུང་ཁྲན་ཏང་གིས་དུས་ཆེན་དེར་འགོག་རྐྱེན་གང་ཡང་མི་ཡོང་བའི་དོགས་ཟོན་ཆེན་པོ་བྱེད་བཞིན་ཡོད་པ་རེད། ཐའེ་ལྦན་ནང་དུ་ཡོད་པའི་ཁྲེང་ཆི་གཙུག་ལག་སློབ་གྲྭའི་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་ཐོག་ལ་ཞིབ་འཇུག་གནང་མཁན་ཆེད་ལས་པ་ཨར་ཐར་ཌིང་གིས་གསུངས་ན་རྒྱ་ནག་གཞུང་གིས་ད་རེས་རྒྱལ་དོན་དུས་ཆེན་དེའི་ཐོག་དམག་དོན་གྱི་སྒྲིག་ཆས་མང་པོ་འགྲེམས་འཇོག་བྱེད་རྒྱུའི་འཆར་གཞི་དེ་ནི་ད་ཆ་རྒྱ་ནག་ནི་སྔོན་ཐོན་ཡར་རྒྱས་དང་དཔལ་འབྱོར་གྱི་སྟོབས་ཤུགས་འཛམ་གླིང་ལ་དྲིལ་བསྒྲགས་བྱེད་པའི་ལག་ཆ་ཞིག་ཡིན་པ་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་དང་ད་དུང་ཧོང་ཀོང་ནང་དུ་དེང་དུས་རྒྱ་ནག་ཐོག་ལ་ཞིབ་འཇུག་གནང་མཁན་ཞིག་གིས་གུང་ཁྲན་ཏང་གི་ངོས་ནས་རྒྱ་ནག་གི་གྲངས་ཉུང་མི་རིགས་ཀྱི་གནས་སྟངས་ནི་དེ་མུར་སྣང་ཆུང་དུ་རྩིས་མི་ཐུབ་པའི་གནད་དོན་རྣོ་ངར་ཆེ་བ་དང་མེ་ལྕེ་ལྟ་བུ་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་ཅེས་གསུངས་ཡོད་པ་རེད།