ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཀྱི་སློབ་ཚན་ཁྲིད་ཐབས་གནང་དགོས།
2017.04.18

བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ལྷན་ཚོགས་ཐེངས་ལྔ་པ་བཞུགས་སྒར་རྡ་རམ་སར་ཚོགས་གནང་འདུག
དེ་ཡང་འདི་ཚེས་༡༧་ཉིན་ལྷན་ཚོགས་དེའི་དབུ་འབྱེད་མཛད་སྒོར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུཊ་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ལྷག་རྡོར་ལགས། ཤེས་ཡོན་ལྷན་ཚོགས་ཀྱི་ཡིག་ཚང་འགན་འཛིན་ཚེ་རིང་བསམ་འགྲུབ་ལགས། ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས། སམ་བྷོ་ཊ་བོད་སློབ་ཚོགས་པའི་སྤྱི་ཁྱབ་འགན་འཛིན་གཞོན་པ་ཚེ་དབང་ནོར་བུ་ལགས་སོགས་ཤེས་ཡོན་དང་འབྲེལ་ཡོད་མི་སྣ་མང་པོ་ལྷན་བཞུགས་གནང་འདུག
སྐབས་དེར་སྲིད་སྐྱོང་མཆོག་ནས་བཀའ་ཤག་ནས་ཤེས་ཡོན་གལ་ཆེ་ཤོས་ཤིག་ལ་ངོས་འཛིན་ཞུ་བཞིན་ཡོད་སྐོར་ནན་བརྗོད་གནང་བ་དང་སྦྲགས། ཤེས་ཡོན་ལྷན་ཚོགས་ཀྱི་ངོས་ནས་ད་བར་མུ་མཐུད་དུ་བཙན་བྱོལ་བོད་མིའི་ཤེས་ཡོན་གོང་མཐོར་གཏོང་རྒྱུར་འབད་འབུངས་གནང་བར་ལེགས་གསོལ་བསྔགས་བརྗོད་གནང་འདུག་ལ་ད་དུང་གཞི་རིམ་ཤེས་ཡོན་སྲིད་ཇུས་སྐོར་གསུང་བཤད་གནང་སྐབས་སློབ་གྲ་ཁག་གི་ནང་སློབ་ཁྲིད་ཀྱི་ཐབས་ལམ་བསྐྱར་ཞིབ་གནང་དགོས་པ་དང་། སློབ་གྲའི་ནང་མཐུན་རྐྱེན་ཡར་རྒྱས་གཏོང་དགོས་སྐོར་གསུངས་འདུག
ཡང་གཞི་རིམ་འོག་མ་ནས་ཆེད་ལས་དང་སློབ་ཕྲུག་གི་དོ་དབྱིངས་གཞིར་བཞག་ཐོག་སློབ་གྲ་ལོགས་སུ་དབྱེ་བ་ཡིན་ན་སློབ་ཕྲུག་ཚོར་སློབ་སྦྱོང་བྱེད་སྐབས་དཀའ་ངལ་ཉུང་བ་ཡོད་སྐོར་གྱི་དགོངས་ཚུལ་ཡང་གསུངས་འདུག
ད་དུང་སྲིད་སྐྱོང་མཆོག་ནས་བོད་པའི་སློབ་གྲ་ཁག་གི་སློབ་ཚན་ནང་ནང་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་སྐོར་སློབ་ཚན་ཁྲིད་ཐབས་གནང་དགོས་གལ་ཆེ་བའི་སྐོར་གསུངས་པ་དང་སྦྲགས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་གར་སློབ་གྲ་ཁག་གི་མཁས་དབང་བཅས་ཐུན་མོང་ཐོག་དེང་དུས་ཤེས་ཡོན་ལམ་ལུགས་ཐོག་ཆོས་ལུགས་དང་མ་འབྲེལ་བཟང་སྤྱོད་ཀྱི་སློབ་ཚན་གཏན་འབེབས་གནང་རྒྱུའི་རག་ཟིན་དེ་བོད་སློབ་ཁག་གི་ནང་སློབ་ཁྲིད་གནང་འགོ་ཚུགས་ཏེ་མིག་དཔེ་འོས་པ་ཞིག་གནང་དགོས་པའི་ལམ་སྟོན་ཡང་གནང་ཡོད་
འདུག།
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ་དང་། བོད་རྒྱལ།