བོད་མི་ལྔ་ལ་ཞི་རྒོལ་ནང་བཞུགས་པར་བཙོན་བཅུག་བྱས་པ།
2008.11.22
༄༅༎ཕྱི་ཟླ་བཅུ་པའི་ཚེས་བཅུ་དྲུག་ཉིན་བོད་ཀྱི་མདོ་སྨད་རྨ་ཆུ་རྫོང་དུ་བོད་མི་ལྔ་ལ་ཞི་བའི་ངོ་རྒོལ་ནང་བཞུགས་པར་བཙོན་འཇུག་གི་ཁྲིམས་ཆད་བཅད་ཡོད་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་དུ་གནས་ཚ,ལ་འབྱོར་བར་གཞིགས་ན་ང་ལོ་ཕྱི་ཟླ་གསུམ་པའི་བོད་མིའི་ངོ་རྒོལ་གྱེན་ལངས་དེའི་མང་རྨ་ཆུ་རྫོང་ནང་ངོ་རྒོལ་གྱི་སྣེ་ཁྲིད་བྱས་མཁན་གཙོ་བོའི་ཡིན་པར་ཉེས་བཙུགས་ཀྱིས་རང་ལོ་ཉི་ཤུ་རྩ་བརྒྱད་ལ་སླེབས་པའི་མགོན་པོ་ཚེ་ཁོ་ལགས་ལ་བཙོན་འཇུག་ལོ་བཅུ་བཞིའི་ཁྲིམས་གཅོད་བྱས་ཡོད་པ་དང་ཚེ་ཁོ་ལ་ཁྲིམས་ཆད་ལོ་ལྔ།རྡོ་རྗེ་ལགས་ལ་ཁྲིམས་ཆད་ལོ་བཞི་བཅད་ཡོད་པ་རེད། ས་གནས་རྒྱ་ནག་གི་ཁྲིམས་ཁང་ནས་བོད་མི་དེ་དག་ནི་རྒྱལ་ཁབ་དང་མི་མང་གི་རྒྱུ་དངོས་ལ་གྱོང་གུན་ཚབས་ཆེན་བཏང་མཁན་ཁྲིམས་འགལ་ཉེས་ཅན་པ་ཡིན་ལུགས་ཀྱི་ཉེས་བཙུགས་བྱས་ཡོད་པ་དང་གོང་ཞུས་བོད་མི་གསུམ་པོ་དེ་དག་རྨ་ཆུ་རྫོང་ཁོངས་ནས་འཛིན་བཟུང་བྱས་པ་ཞིག་ཡིན་པ་ལས་དེ་མིན་ག་དུས་འཛིན་བཟུང་བྱས་མིན་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་གང་ཡང་འཁོད་མིན་འདུག དེ་མིན་ད་ལོ་ཕྱི་ཟླ་གསུམ་པའི་ཚེས་ཉི་ཤུ་གཉིས་ནས་ཉི་ཤུ་གསུམ་བར་འཛིན་བཟུང་བྱས་པའི་རྨ་ཆུ་སྨད་མ་ཞང་མཚན་སྒྲོག་དགོན་གྱི་དགེ་འདུན་པ་ཚང་བློ་གྲོས་ལགས་ལ་ངོ་རྒོལ་སྒེར་ལངས་ཀྱི་སྣེ་ཁྲིད་གཙོ་གྲས་ཡིན་ཚུལ་གྱི་ཉེས་བཙུགས་འོག་བཙོན་འཇུག་ལོ་བཅུ་གཉིས་ཀྱི་ཁྲིམས་ཆད་ལོ་ཚད་བཟོས་ཡོད་ཅིང་རྨ་ཆུ་སྨད་ཞང་ནས་ཡིན་པའི་སྦྱིན་ཚང་དཀོན་མཆོན་ལགས་ལ་བཙོན་འཇུག་ལོ་བཅུའི་ཁྲིམས་ཐག་བཅད་ཡོད་པ་དང་ཕྱི་ཟླ་ལྔ་པའི་ཚེས་བཅུ་བཞི་ཉིན་མུ་ར་དགོན་གྱི་དགེ་འདུན་གསུང་རབ་ལགས་བསྐྱར་དུ་འཛིན་བཟུང་བྱས་ནས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བཀག་ཉར་ཁང་དུ་བཙོན་འཇུག་བྱས་ནས་ད་དུང་ཡང་གློད་འགྲོལ་གཏོང་མེད་པའི་སྐོར་འཁོད་འདུག