ཉི་ཧོང་དུ་གྲ་ཚེ་དབང་ནོར་བུ་ལགས་ཀྱི་ཆེད་སྨོན་ལམ།
2011.08.29
༄༅།།ཁ་ཉིན་རེས་གཟའ་ཉི་མའི་ཉིན་ཉི་ཧོང་གི་རྒྱལ་ས་ཀྲོག་ཡོ་ནང་རྟེན་གཞི་བྱས་པའི་ཇོན་ཇི་ནང་པའི་ལྷ་ཁང་ནང་བོད་རིགས་དང་ཉི་ཧོང་མི་མང་བཅས་ཀྱིས་རྒྱལ་གཅེས་དཔའ་བོ་ཚེ་དབང་ནོར་བུ་ལགས་ཀྱི་བདུན་ཚིགས་གཉིས་པ་སྲུང་བརྩི་དང་སྨོན་ལམ་རྒྱ་ཆེ་གནང་ཡོད་པ་རེད་
སྨོན་ལམ་དུ་སྒྲོལ་མ་དང་ཤེས་རབ་སྙིང་པོ་ མ་ཎི། གུ་རུའི་མཚན་སྔགས་བཅས་གསུང་འདོན་གནང་ཡོད་པ་དང་ཉི་ཧོང་དགེ་སློང་མཐུན་ཚོགས་ཀྱི་སྐུ་ཚབ་སྐུ་ཞབས་ཀོ་བྷ་ཡ་ཤི་མཆོག་གིས་དབུ་འཁྲིད་ཀྱིས་ཉི་ཧོང་སྐད་ཐོག་ཤེས་རབ་སྙིང་པོ་གསུང་འདོན་གནང་ཡོད་པ་རེད་ སྐབས་དེར་ཉི་ཧོང་སྐུ་ཚབ་དོན་གཅོད་ཁང་གི་འབྲེལ་མཐུད་པ་ཟུང་དྲུང་ཨར་ཡ་ཚེ་དབང་རྒྱལ་པོ་ལགས་ཀྱིས་སྨོན་ལམ་དེ་ཚོགས་དགོས་པའི་རྒྱུ་མཚན་ངོ་སྤྲོད་དང་སྦྲགས་གསུང་དོན། བོད་མི་ཚོས་རྒྱ་གཞུང་ལ་རང་དབང་དང་དྲང་བདེན་དགོས་པའི་རེ་འདུན་བཏོན་པར་རྒྱ་གཞུང་ནས་དེར་ཡ་ལན་བྱེད་རྒྱུ་ཕར་བཞག་མི་སྤྱོད་ལས་འདས་པའི་དྲག་གནོན་ལག་བསྟར་མུ་མཐུད་བྱེད་བཞིན་ཡོད། འདི་ལོ་ཕྱི་ཟླ་ ༣ པའི་ནང་ཨ་མདོ་རྔ་པ་དགོན་པའི་དགེ་འདུན་པ་ཕུན་ཚོགས་ལགས་ཀྱིས་རང་གི་སྐུ་ལུས་ཞུགས་འབུལ་གནང་ཡོད་པ་དང་ཉེ་ཆར་ཁམས་རྟའུ་ཉ་མཚོ་དགོན་པའི་དགེ་འདུན་པ་ཚེ་དབང་ནོར་བུ་ལགས་ཀྱིས་བོད་ནང་རང་དབང་དང་རྒྱལ་བ་རིན་པོ་ཆེ་བོད་ནང་གདན་འདྲེན་ཞུ་དགོས་པའི་སྐད་འབོད་འོག་རང་ལུས་མེར་བསྲེག་བཏང་གནང་བའི་རྗེས་རྒྱ་གཞུང་ནས་དགོན་པ་དེ་གཉིས་ལ་དམ་བསྒྲཌ་ཧ་ཅང་གི་ཤུགས་ཆེ་བྱས་དང་བྱེད་བཞིན་ཡོད་པ་དེས་རྒྱ་གཞུང་གི་བཙན་འོག་བོད་མི་རྣམས་དཀའ་སྡུག་མྱོང་བཞིན་ཡོད་པའི་ར་སྤྲོད་གསལ་པོ་བྱས་ཡོད། དེ་རིང་འདིར་མཆོད་འབུལ་སྨོན་ལམ་ཚོགས་པ་དེས་འཛམ་གླིང་མི་མང་རྣམས་ཀྱིས་རྒྱ་གཞུང་གིས་བོད་ནང་མི་སྤྱོད་ལས་འདས་པའི་གདུག་རྩུབ་ཀྱི་བྱ་སྤྱོད་སྤེལ་བ་དེ་མིག་སྟོན་ཞིག་ཀྱང་ཆགས་ཡོད་ཅེས་སོགས་གསུང་ཡོད་པ་རེད་ དེ་བཞིན་ཁོང་གིས་ཉི་ཧོང་གཞུང་དམངས་ནས་བོད་ནང་གི་བོད་མི་རྣམས་ཀྱི་དཀའ་སྡུག་སེལ་རྒྱུར་རོགས་རམ་གང་ཡོང་གནང་དགོས་པའི་འབོད་བསྐུལ་གནང་ཡོད་པ་རེད་ དེ་ཐེངས་ཀྱི་མཆོད་འབུལ་སྨོན་ལམ་གྱི་འདུ་ཚོགས་དེ་ཉི་ཧོང་ནང་ཡོད་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་ལས་ཁང་དང་ཉི་ཧོང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཐུན་མོང་ཐོག་གོ་སྒྲིག་གནང་བ་ཞིག་ཡིན་པའི་གནས་ཚུལ་ཐོན་འདུག