ནིའུ་ཡོརྐ་ཏུ་གསུམ་བཅུའི་དུས་དྲན་ལ་སྲུང་བརྩི་ཞུས་པ།
2012.03.11
༄༅༎ཕྱི་ཟླ་༣ཚེས་༡༠བོད་མིའི་རང་དབང་སྒེར་ལངས་ཀྱི་དུས་དྲན་ནི་བཞུགས་སྒར་རྡ་རམ་ས་ལ་དབུས་པའི་བཙན་བྱོལ་བོད་མི་གནས་སྡོད་བྱེད་ཡུལ་གང་སར་སྲུང་བརྩི་ཞུས་པ་བཞིན། དེ་ཉིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོརྐ་ཏུ་བོད་མི་ཉིས་སྟོང་ཙམ་འདུ་འཛོམས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་བར་ངོ་རྒོལ་གོམ་བགྲོས་བྱས་ཏེ་དུས་དྲན་སྲུང་བརྩི་ཞུས་ཡོད་པ་རེད།
རེས་གཟའ་སྤེན་པའི་ཉིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོརྐ་དང་ནེའུ་ཇར་སི་ས་གནས་བོད་མི་གཙོས་པའི་ས་གནས་གཞན་ནས་འཛོམས་པའི་བོད་མི་ཁྱོན་ཉིས་སྟོང་ལྷག་འདུ་འཛོམས་ཀྱིས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་པའི་དྲག་གནོན་གྱི་སྲིད་ཇུས་ལ་ངོ་རྒོལ་གྱི་གོམ་བགྲོས་དེ་གྲོང་ཁྱེར་ནེའུ་ཡོརྐ་ཡི་Brooklyn ཟམ་ཆེན་ནས་འགོ་བཙུགས་ཏེ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཨ་མ་བར་གནང་ཡོད་ཅིང༌། ད་རེས་ཨ་རིའི་གྲོང་ཁྱེར་ནེའུ་ཡོརྐ་ཏུ་བོད་མིའི་རང་དབང་སྒེར་ལངས་ཐེངས་༥༣ པ་སྲུང་བརྩི་ཞུ་བའི་དུས་དྲན་དེའི་ཐོག་བོད་ནང་གི་ཡ་ང་བའི་གནས་སྟངས་བརྙན་འཕྲིན་པར་ལེན་གནང་སྟེ་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ཕྱིར་བསྒྲགས་གནང་བའི་རྐྱེན་གྱིས་ད་ལྟ་རྒྱ་ནག་གི་བཙོན་དུ་ཡོད་པ་དོན་གྲུབ་དབང་ཆེན་ལགས་ཀྱི་བཟའ་ཟླ་ལྷོ་མོ་མཚོ་ཡང་མཉམ་བཞུགས་བྱས་སྟེ། ཁོང་གི་མི་དམངས་འདུ་འཛོམས་དེའི་ཐོག་བོད་ནང་དུ་བོད་མིས་གཅིག་མཇུག་གཉིས་མཐུད་ཀྱི་རང་ལུས་མེ་བསྲེགས་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་པ་དེ་ནི། རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་པའི་ནོར་འཁྲུལ་གྱི་སྲིད་ཇུས་ལ་བརྟེན་ནས་བྱུང་བ་ཡིན་པའི་གཏམ་བཤད་བྱས་ཡོད་པ་རེད། དེ་བཞིན་གྲོང་ཁྱེར་ནེའུ་ཡོརྐ་དང་ནེའུ་ཇར་སི་ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་གཞོན་པ་བསོད་ནམས་རྒྱ་མཚོ་ལགས་ཀྱིས། བོད་ལ་རང་དབང་དགོས་། རྒྱལ་བ་རིན་པོ་ཆེ་བོད་དུ་གདན་ཞུ་བྱ་དགོས། རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་གྱི་བྱ་སྤྱོད་ལག་བསྟར་བྱས་པར་བརྟེན་ནས་བོད་མི་འུ་ཐུག་ཐབས་ཟད་ཀྱིས་རང་ལུས་མེ་བསྲེག་བཏང་བ་མ་ཟད། རྒྱ་ནག་གཞུང་གི་དྲག་གནོན་འོག་ལ་བོད་མི་ཚོ་དང་ཆམ་མཐུན་ཡོང་ཐབས་མེད་པ་རེད་ཅེས་གསུང་ཡོད་པ་རེད། དེ་ནས་གོམ་བགྲོས་ཀྱི་ལས་འགུལ་གྲུབ་པའི་རྗེས་ཡུ་ནིཡེན་སུ་ཁལྦེར་(Union Square)ཞེས་པའི་ཐང་ཆེན་ཐོག་མར་མེའི་ཁྲོམ་སྐོར་བྱས་ཏེ་ལས་འགུལ་མཇུག་སྒྲིལ་ཡོད་པ་རེད།།