རྒྱལ་ཡུམ་ཆེན་མོའི་རྗེས་དྲན་རྐང་རྩེད་སྤོ་ལོ་ཐེངས་༡༨་པ།
2012.05.26
༄༅༎རྒྱ་གར་བཞུགས་སྒར་རྡ་རམ་ས་ལའི་བོད་ཁྱིམ་རྩེད་ཐང་དུ་རེས་གཟའ་སྤེན་པ’འི་ཉིན། རྒྱལ་ཡུམ་ཆེན་མོའི་རྗེས་དྲན་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐེངས་ ༡༨ པ་དེ་དབུ་འབྱེད་གནང་ཡོད་པ་རེད། རྐང་རྩེད་སྤོ་ལོའི་འགྲན་བསྡུར་དེ་དབུ་འབྱེད་མཛད་སྒོར་སྐུ་མགྲོན་གཙོ་བོ་རྒྱ་གར་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རུ་ཁག་གི་རུ་དཔོན་ཟུར་པ་བུ་ཆུང་བྷོ་ཀྲི་ཡ་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་རྣམ་གཉིས་གདན་འདྲེན་ཞུས་ཡོད་པ་རེད། སྐབས་དེར་ནིའུ་ཛི་ལེནདྲ་རྒྱལ་ཡོངས་རྐང་རྩེད་སྤོ་ལོ་རུ་ཁག་གི་རྩེད་འགྲན་ཟུར་པ་སྐུ་ཞབས་ཀྲིམ་སྦ་རའོན་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་དབུ་འཁྲིད་རྣམ་ཡང་མཉམ་ཞུགས་གནང་ཡོད་པ་རེད།
རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་མཛད་རིམ་ཐོག་རྒྱ་གར་དང་བལ་ཡུལ་ནས་རྩེད་འགྲན་རུ་ཁག་ ༡༨ ཀྱི་རུ་སྒྲིག་དང་དེ་རྗེས་བོད་ཁྱིམ་བུ་མོའི་ཆིག་བསྒྲིལ་རུ་ཁག་དང་། རྒྱ་གར་རྐང་ར་རྫོང་ཁུངས་བུ་མོའི་རུ་ཁག་བར་འགྲེམས་སྟོན་གྱི་ཚུལ་དུ་འགྲན་རྩོད་གནང་སྐབས་བོད་ཁྱིམ་བུ་མོའི་ཆིག་བསྒྲིལ་རུ་ཁག་ལ་སྤོ་ལོ་ ༢་བླུགས་ནས་རྒྱལ་ཁ་ཐོབ་ཡོད་པ་རེད། དེ་རྗེས་དངོས་གཞིའི་འགྲན་བསྡུར་དུ་ཀེལ་མེན་ཀྲོང་དོན་གྲུབ་གླིང་རུ་ཁག་དང་བལ་ཡུལ་སྤོཁ་ར་བཀྲ་ཤིས་འཕེལ་རྒྱས་གླིང་བར་འགྲན་བསྡུར་གནང་སྐབས་ཕྱོགས་གཉིས་ཀས་ཕན་ཚུན་སྤོ་ལོ་རེ་བླུགས་ནས་རྒྱལ་ཕམ་མེད་པར་རྩེད་མོ་མཇུག་བསྒྲིལ་གནང་དགོས་འགྱུར་ཡོད་པ་རེད།
དེ་རྗེས་རྒྱ་གར་ལྷོ་ཕྱོགས་མོན་གོ་རུ་ཁག་དང་སྦེལ་ཀོབ་རུ་ཁག་བར་འགྲན་རྩེད་གནང་སྐབས་མོན་གྷོ་རུ་ཁག་གིས་སྤོ་ལོ་གཅིག་བླུགས་ནས་རྒྱལ་ཁ་ཐོབ་པ་བྱུང་ཡོད་པ་རེད། སྐབས་དེར་སྐུ་མགྲོན་གཙོ་བོ་རྒྱ་གར་རྒྱལ་ཡོངས་རྐང་རྩེད་སྤོ་ལོའི་རུ་ཁག་གི་རུ་དཔོན་ཟུར་པ་བུ་ཆུང་བྷོཀྲི་ཡ་ལ་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔས་བོད་མི་མང་གི་ཚབ་ཞུས་ནས་ཁོང་གིས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ལེགས་འབུལ་གྱི་སྐུ་ཐང་ཞིག་ཀྱང་ལེགས་སྐྱེས་སུ་ཕུལ་ཡོད་པའི་གནས་ཚུལ་ཐོན་བཞག།