བོད་ནས་རྗེས་སུ་ཕེབས་པ་སྡོད་ཁང་མེད་མཁན་ཚོར་དམིགས་ཏེ་ས་ཁང་གི་སྒྲིག་གཞི་བསྐྱར་བཅོས་གནང་སོང་།

2022.09.15
བོད་ནས་རྗེས་སུ་ཕེབས་པ་སྡོད་ཁང་མེད་མཁན་ཚོར་དམིགས་ཏེ་ས་ཁང་གི་སྒྲིག་གཞི་བསྐྱར་བཅོས་གནང་སོང་། སྐབས་༡༧པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པའི་སྐབས། ༠༩།༡༥།༢༠༢༢
CTA

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ས་ཁང་གི་སྒྲིག་གཞི་བསྐྱར་བཅོས་དེ་བོད་ནས་རྗེས་སུ་ཕེབས་པ་སྡོད་ཁང་མེད་མཁན་ཚོར་དམིགས་ཡོད་པས་གལ་ཆེན་ཡིན་པ་གྲོས་ཚོགས་ནང་གསུངས་སོང་།
སྤྱི་ཟླ་༩པའི་ཚེས་༡༥རེས་གཟའ་ཕུར་བུའི་ཉིན། སྐབས་༡༧པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༤པའི་ལས་ཉིན་༧པའི་སྔ་དྲོར། གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཡིག་ཆ་ཨང་༢༣པ་སྟེ། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་ཁང་བདག་འཛིན་དང་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་ཐོག་བགྲོ་གླེང་དང་སྤྱི་འཐུས་རྣམ་པས་དགོངས་ཚུལ་གསུང་པའི་སྐབས། སྲིད་སྐྱོང་དང་ནང་སྲིད་བཀའ་བློན་གཅིག་ལྕོགས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ད་རེས་ཀྱི་སྒྲིག་གཞི་བསྐྱར་བཅོས་འདི་གལ་གནད་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་མ་ཟད། ས་ཁང་གི་སྒྲིག་གཞི་བསྐྱར་བཅོས་དེ། བོད་ནས་རྗེས་སུ་ཕེབས་པ་སྡོད་ཁང་མེད་མཁན་ཚོ་དང་འབྲེལ་བ་ཡོད་པས། འབྱུང་འགྱུར་ཟླ་བ་༦ནང་ཚུད་ལ་གཞིས་ཆགས་ཁག་ནས་ནང་སྲིད་ལས་ཁུངས་ཀྱི་མིང་ཐོག་ནས་ས་ཁང་གང་མང་ཞིག་རག་རྒྱུ་སོགས་དང་འབྲེལ་བ་ཆགས་ཀྱི་ཡོད་པ་གསུངས་སོང་།
སྲིད་སྐྱོང་མཆོག་གིས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་ཁང་བདག་འཛིན་དང་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་དྲུག་པ་སྟེ། ས་ཁང་ཚོང་བསྒྱུར་དང་། ཕུལ་སྦྱིན་གྱི་བསྐྱར་བཅོས་སྒྲིག་གཞི་སྙན་སྒྲོན་གནང་ནས། དེའི་ནང་གསེས་དང་པོ་སྟེ། སྒྲིག་གཞི་འདི་གཏན་འབེབས་གསལ་བསྒྲགས་བྱས་ཉིན་ནས་སྤྱིའི་བདེ་རྩའི་ཆེད་གཞུང་འབུལ་རིགས་ཕུད་དེ་མིན་གཞིས་མི་སུས་ཀྱང་ས་ཁང་མི་གཞན་ལ་ཚོང་བསྒྱུར་དང་། ཕྱི་མིར་ཁང་གླ་གཏོང་བའི་རིགས་གཏན་ནས་མི་ཆོག་ཅེས་དང་། ནང་གསེས་གཉིས་པ་སྟེ། གཞིས་མི་སུ་ཞིག་གིས་མི་གཞན་ལ་ས་ཁང་ཚོང་བསྒྱུར་བྱས་ཚེ། ས་གནས་ཡུལ་ཁྲིམས་དང་། བཙན་བྱོལ་བོད་མིའི་ཁྲིམས་སྒྲིག་ཁག་ལ་བརྩི་མེད་བྱས་པའི་ཉེས་འཛུགས་བྱ་རྒྱུ། ས་གནས་ས་ཁང་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་གིས་དངོས་ར་འཕྲོད་ན་འཛིན་སྐྱོང་ནས་ཉེས་འཛོལ་བྱེད་པོ་རྣམས་བོད་ཀྱི་ཡུལ་མིའི་ལས་འགན་མ་སྒྲུབ་མཁན་དུ་ཡོངས་ཁྱབ་གསལ་བསྒྲགས་བྱ་རྒྱུ་དང༌། ནང་མིར་རྒན་བྱིས་རོགས་རམ་དང༌། རྒྱབ་གཉེར་ཁག ཕྱི་རྒྱལ་ཁག་ཏུ་སྤྱི་སྒེར་གྱི་བསྐྱོད་རྒྱུར་དགོས་མཁོ་སྦྱོར་དགོས་བཅས་ཇི་ཡོད་བཀག་གཅོད་བྱ་རྒྱུ་བཅས་འཁོད་འདུག
སྲིད་སྐྱོང་མཆོག་གིས་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཡིག་ཆ་ཨང་༢༣ པ་ཆ་ཚང་སྙན་སྒྲོན་ཟིན་པའི་རྗེས། སྤྱི་འཐུས་ཚོས་བརྗོད་གཞི་དེའི་ཐོག་དགོངས་འཆར་དང་དོགས་སློང་སོགས་གླེང་པའི་སྐབས། སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས་ཀྱིས། སྐབས་༡༦པའི་བཀའ་ཤག་གི་ངོས་ནས་ས་ཁང་སྒྲིག་གཞི་རྙིང་པ་དེ་བཞིན་ལག་བསྟར་ཐུབ་མིན་གྱི་འབད་བརྩོད་གནང་ཡོད་དམ། ད་ལྟའི་སྒྲིག་གཞི་བསྐྱར་བཅོས་དེ་ཕྱིན་པ་ཡིན་ན། ལག་བསྟར་ཐུབ་པའི་གདེང་ཚོད་ཇི་ལྟར་ཡོད་པའི་སྐོར་བཀའ་ཤག་ལ་འདྲི་སྐབས། སྲིད་སྐྱོང་དང་ནང་སྲིད་བཀའ་བློན་གཅིག་ལྕོགས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ད་ལྟ་བར་དུ་གཞིས་ཆགས་ཁག་ཅིག་ནང་ས་ཁང་གི་སྒྲིག་གཞི་ལག་བསྟར་ཐུབ་པ་དང་། ཁག་ཅིག་ནང་མ་ཐུབ་པའི་གནང་སྟངས་སྤྱི་ཚོགས་ནང་ཡོང་བསྡད་ཀྱི་ཡོད་པས། ཚང་མས་ས་ཁང་སྒྲིག་གཞི་ལ་བརྩི་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ལ། ད་དུང་མི་བརྩི་མཁན་ཡོད་ན། མ་འོངས་པར་རྒྱ་གར་གཞུང་མཉམ་དུ་དཀའ་ངལ་འཕྲད་པའི་སྐབས་བོད་མིའི་སྒྲིག་འཛུགས་ནས་རོགས་རམ་བྱེད་རྒྱུ་ཁག་པོ་ཆགས་སྲིད་ཅེས་དང་། ད་ལྟའི་ལས་གཞི་དེ་ཚར་ཚུད་ཡོང་བར་ནང་སྲིད་ལས་ཁུངས་ལ་ས་ཆའི་བདག་དབང་དགོས་རྒྱུར་གལ་ཆེར་གཟིགས་ཀྱི་ཡོད་པ་མ་ཟད། ནང་སྲིད་ལས་ཁུངས་ལ་བདག་དབང་ཡོད་པའི་ས་ཆ་དེ་བགོས་འགྲེམ་བྱེད་རྒྱུ་ཡང་སྟབས་བདེ་པོ་ཡོད་པ་ལན་འདེབས་གནང་སོང་།
ཡང་སྐབས་དེར་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས་ཀྱིས། སྤྱི་ལོ་༡༩༩༠ལོར་ཨ་རིར་བོད་མི་༡༠༠༠གནས་སྤོས་བྱས་པ་དེ་དག་གི་ནང་མི་ཆ་ཚང་ད་ཆ་ཧ་ལམ་ཨ་རིར་ཕྱིན་ཚར་པ་ལྟ་བུ་རེད། འོན་ཀྱང་། ཁོང་ཚོས། ས་ཁང་ཐོབ་ཐང་ཆ་ཚང་རྒྱུད་པ་ནས་རྒྱུད་པས་བཟུང་ནས་བསྡད་ཡོད་པས། དེ་འབྲེལ་གནད་དོན་ཐོག་ཞིབ་འཇུག་གནང་ཡོད་དམ་ཞེས་འདྲི་སྐབས། སྲིད་སྐྱོང་མཆོག་གིས། ད་ལྟ་བར་དུ་རྒྱ་གར་གཞུང་གིས་ང་ཚོར་ཤ་ཚ་རང་བྱས་ནས་བསྡད་ཡོད་རེད་མ་གཏོགས། གནད་དོན་ཚང་མར་ལག་བསྟར་བྱས་དགོས་བྱུང་ན། ང་ཚོར་རང་བཞིན་གྱི་དཀའ་ངལ་འཕྲད་སྲིད་པ་ཞིག་རེད། དོ་བདག་ཕྱི་རྒྱལ་ལ་ཕྱིན་ཚར་ཡིན་ནའང་། ད་དུང་ས་ཁང་བདག་གཉར་བྱེད་མཁན་རིགས་ཡོད་ཚེ། བསམ་བློ་ངེས་པར་དུ་གཏོང་རོགས། མ་འོངས་པར་རྒྱ་གར་གཞུང་གིས་ས་ཁང་ཐོག་དམ་དྲག་ཆེ་པོ་བྱས་པ་ཡིན་ན། སྤྱི་སྒེར་གཉིས་ཀར་གྱོང་རྒུད་ཕོག་རྒྱུ་ཡིན་པ་ལན་འདེབས་གནང་སོང་།
དེ་ལྟར་གོང་ཞུས་ས་ཁང་ཚོང་བསྒྱུར་དང་། ཕུལ་སྦྱིན་གྱི་བསྐྱར་བཅོས་སྒྲིག་གཞིའི་ནང་གསེས་༡ པོ་དང་༢པ་གཉིས་ཀའི་ཐོག་གོ་བསྡུར་རིམ་པ་བྱས་པའི་རྗེས། མཐར་གྲོས་ཚོགས་ནང་མང་མོས་ཀྱི་ཐོག་ནས་དོན་ཚན་གཉིས་ཀ་གཏན་འབེབས་གནང་སོང་།

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎