ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།

2024.03.25
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ། ༠༣།༢༥།༢༠༢༤
CTA

བོད་མི་མང་སྤྱི་འཐུས་སྐབས་༡༧པའི་གྲོས་ཚོགས་ཚོགས་དུས་ལྔ་པའི་གྲོས་ཆོད་ཡིག་ཆ་ཨང་༣༣པའི་ནང་གསལ་བཞིན། སྤྱི་འཐུས་ལྷན་ཚོགས་ནས་ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་བཙུགས་ཏེ། ཚོགས་གཙོ་སྦྲེལ་པོས་ཡིག་ཐོག་ཏུ་བར་སྐབས་དམ་འབུལ་གྱི་གནས་སྟངས་དཀའ་ངལ་འཕྲད་རིགས་ལ་བསྐྱར་བཅོས་ཇི་དགོས་ཡོང་ཐབས་དང་། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པའི་ལས་ཡུན་དང་། འཕོ་འགྱུར་གནང་ཕྱོགས་ཐད་གཅིག་གྱུར་ཡོང་ཐབས་སོགས་ལམ་སྟོན་དོན་ཚན་གསུམ་ཕེབས་པ་གཞིར་བཟུང་། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་བདུན་པ་སྟེ་སྤྱི་ཟླ་༣པའི་ཚེས་༢༥ཉིན་ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས། ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་བའི་ནང་། ཁོང་ཚོ་ལ་སྤྱི་སྒེར་མང་དག་ཅིག་གིས་བསམ་ཚུལ་འབོར་ཆེན་ཞིག་འབྱོར་བ་ཕལ་ཆེ་བའི་ནང་། ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཅིག བཀའ་བློན་བཅས་གང་མགྱོགས་གསར་འདེམས་དམ་འབུལ་ཐུབ་པའི་ཁྲིམས་སྒྲིག་བསྐྱར་བཅོས་དགོས་པ་འཁོད་ཡོད་པ་སོགས་སྙན་སྒྲོན་གནང་སོང་།
དེའི་ཐད་ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ཚོགས་ཆུང་ལ་དགོངས་འཆར་ཕེབས་པ་ཚང་མ་བསྐྱར་བཅོས་ནང་འཁུར་ཐུབ་པའི་གནས་སྟངས་ཆགས་ཀྱི་མི་འདུག་སྟེ། གཙོ་བོ་ད་ལྟའི་ང་ཚོའི་སྒྲིག་འཛུགས་དེ་སྲ་བརྟན་ཡོང་བ་རང་གི་ཆེད་དུ་དགོས་ངེས་ཀྱི་ཁྲིམས་སྒྲིག་བསྐྱར་བཅོས་ཁག་ལས་བསྡོམས་ནང་ཡོད། བཅའ་ཁྲིམས་བསྐྱར་བཅོས་ཀྱི་བརྗོད་པ་དང་པོ་ད་དུང་གཞི་ནས་གྲོས་ཚོགས་སུ་འགྲོ་རྒྱུར་བསྡད་ཡོད་པར་བརྟེན། ནང་དོན་ཞིབ་ཕྲ་ཚོགས་ཆུང་གི་ཚོགས་གཙོ་ནས་འགྲེལ་བརྗོད་གནང་མ་སོང་སྟེ། བསྐྱར་བཅོས་ཁྲིམས་འཆར་ཁག་གི་ནང་ད་ལྟ་ངེས་པར་དུ་འགྲོ་དགོས་པ་ཞིག་ནི། ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་རྣམས་བསྐོ་བཞག་གི་ཆ་རྐྱེན་སྐོར་ཡིན་པ་འགྲེལ་བརྗོད་གནང་བྱུང་།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་མི་འགྲོ་ལ་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་དང་། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས་དང་། སྤྱི་འཐུས་ཀརྨ་དགེ་ལེགས་ལགས། སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་བཅས་ཚོགས་གཙོ་སྦྲེལ་པོས་བསྐོ་འཛུགས་གནང་སྟེ། ཁོང་རྣམ་པས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བསྐྱར་བཅོས་འཆར་ཟིན་ཤོག་ངོས་༢༦དང་། དོན་ཚན་གྲངས་༣༠ལ་བསྐྱར་བཅོས་འཆར་ཟིན་ཕུལ་ཡོད་པའི་ནང་། ད་ལྟ་དཀའ་ངལ་འཕྲད་བཞིན་པའི་དོན་གནད་ཆེ་ཁག་གཙོར་བཟུང་དང་། དེ་བཞིན་སྒྲིག་གཞི་ཁག་ལ་བསྐྱར་བཅོས་འཆར་འབུལ་ཞུས་པ་གྲངས་༨བཅས་བསྐྱར་བཅོས་འཆར་ཟིན་དུ་གྲོས་ཚོགས་སུ་ཕུལ་ཡོད་པ་རེད།
ད་རེས་གྲོས་ཚོགས་སུ་ཕེབས་པའི་ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་དེ་དག་ཐེངས་འདིའི་གྲོས་ཚོགས་ཀྱི་ལས་ཉིན་ལྷག་འཕྲོས་ནང་རིམ་པས་བགྲོ་གླེང་གཏན་འབེབས་གནང་འཆར་ཡོད་པ་རེད།


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎