བདམས་ཐོན་སྤྱི་འཐུས་རྣམ་པས་དམ་འབུལ་དང་ཚོགས་གཙོ་གཞོན་འདེམས་གཏན་འཁེལ་འདུག

སྐབས་བཅུ་བདུན་པའི་བདམས་ཐོན་སྤྱི་འཐུས་རྣམ་པས་བཅའ་ཁྲིམས་དགོངས་དོན་ལྟར་ལས་འཁུར་དམ་འབུལ་དང་ཚོགས་གཙོ་གཞོན་འདེམས་གཏན་འཁེལ་འདུག
འདི་ག་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། སྤྱི་ཟླ་༡༠་བའི་ཚེས་༨་ཉིན་ཆོལ་གསུམ་ཆོས་ལུགས་དང་། རྒྱ་བལ་འབྲུག་གསུམ། ཕྱི་རྒྱལ་ཡུལ་གྲུ་ཁག་བཅས་ཀྱི་སྐབས་༡༧་པའི་བོད་མི་མང་བདམས་ཐོན་སྤྱི་འཐུས་རྣམ་པས་ལས་འཁུར་དམ་འབུལ་ཞུ་རྒྱུ་ཡིན་པ་ཚོགས་དྲུང་ལས་ཁུངས་ནས་མཛད་རིམ་བསྒྲིགས་ཡོད་པ་དང་། ཉིན་རྒྱབ་དབུས་འོས་བསྡུ་ལས་ཁང་གི་གཙོ་སྐྱོང་འོག་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་༥༦་དང་༦༠་བའི་དགོངས་དོན་སྤྱི་འཐུས་ཚོགས་གཙོ་དང་། ཚོགས་གཞོན་འོས་བསྡུ་དང་འདེམས་ཐོན་ཚོགས་གཙོ་གཞོན་གྱི་མཚན་གསལ་བསྒྲགས་བྱེད་རྒྱུ་ཡིན་པ་རེད་འདུག
དེ་ནས་ཚེས་༩་ཉིན་བདམས་ཐོན་ཚོགས་གཙོ་གཞོན་རྣམ་གཉིས་ཀྱིས་ཁྲིམས་ཞིབ་པ་ཆེ་བའི་མདུན་དུ་ལས་འཁུར་དམ་འབུལ་རྒྱུ་ཡིན་པ་རེད།
དེ་ནི་སྐབས་༡༧་པའི་བདམས་ཐོན་སྤྱི་འཐུས་རྣམ་པས་དམ་བཅའ་ཕུལ་ཕྱོགས་ཀྱི་རྙོག་གླེང་དང་། གྲོས་ཚོགས་འཚོགས་མ་ཐུབ་པ། དེ་བཞིན་ཚོགས་གཙོ་ཚོགས་གཞོན་འོས་བསྡུ་བྱེད་མ་ཐུབ་པ་སོགས་དཀའ་ངལ་མང་དག་ཅིག་འཕྲད་པ་སེལ་མ་ཐུབ་པའི་མཐའ་དོན།
བདམས་ཐོན་སྤྱི་འཐུས་རྣམ་པས་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་སློབ་ལམ་སྟོན་ཆེད་ལྷ་སྙན་སྒྲོན་འབུལ་ཞུས་པ་བཞིན། འདི་ཚེས་༦་ཉིན་༧གོང་ས་མཆོག་ནས་སྩལ་བའི་ལམ་སྟོན་བཀའ་ཡིག་གི་དོན་ཚན་གཉིས་ཡོད་པ་ནས་དང་པོ། སྐབས་བཅུ་བདུན་པའི་གྲོས་ཚོགས་ཆེད་དབུས་འོས་བསྡུ་ལས་ཁང་གིས་ཁྲིམས་མཐུན་འོས་བསྡུ་བྱས་ཏེ་ཁོངས་སོ་སོའི་སྤྱི་འཐུས་འོས་ཐོན་པར་གསལ་བསྒྲགས་ཟིན་པ་ཚང་མས་བཅའ་ཁྲིམས་ཀྱི་འབྲུ་དོན་གཞིར་བཟུང་དམ་འབུལ་བྱ་རྒྱུ་ཞེས་ཕེབས་དོན་ལྟར། སྤྱི་འཐུས་ཚང་མས་སྤྱི་མོས་ཀྱི་མགོན་པོ་མཆོག་གི་ལམ་སྟོན་བཀའ་ཡིག་ལྟར་ཤར་བསྐྱོད་ཞུ་རྒྱུ་ཡིན་པ་ཐག་གཅོད་བྱུང་ཡོད་པས་ཡིན་པ་རེད།
གསར་འགོད་པ། ཀླུ་འབུམ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།