སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པ་མཇུག་སྒྲིལ།

འདི་ཚེས་༣༡ཉིན་སྐབས་༡༧པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པ་སྟེ། སྔོན་རྩིས་གྲོས་ཚོགས་དེ་བཞིན་དངོས་སུ་མཇུག་སྒྲིལ་ཡོད་པ་དང་བསྟུན། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དངོས་གྲུབ་རྡོ་རྗེ་ལགས་དང་། སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས། སྤྱི་འཐུས་མི་འགྱུར་རྡོ་རྗེ་ལགས། སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས། སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས། སྤྱི་འཐུས་ཚ་ཁོ་ཐུབ་བསྟན་རྒྱ་མཚོ་ལགས། སྤྱི་འཐུས་དོན་གྲུབ་ཚེ་རིང་ལགས་བཅས་བོད་མི་མང་སྤྱི་འཐུས་ཁག་ཅིག་ལ་ད་ཐེངས་ཀྱི་སྔོན་རྩིས་གྲོས་ཚོགས་དེ་བཞིན་ཇི་ལྟར་བྱུང་མིན་ཐད་བཅར་འདྲི་ཞུས་པར། ཚང་མས་ཁ་ཅིག་གྲགས་ཀྱི་ཚགས་ཚུད་བྱུང་ཡོད་པ་འགྲེལ་བརྗོད་གནང་བྱུང་།
སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དངོས་གྲུབ་རྡོ་རྗེ་ལགས་ཀྱིས། ད་རེས་ཀྱི་སྔོན་རྩིས་གྲོས་ཚོགས་དེ་ཚ་ཚ་འུར་འུར་ངང་ཡག་པོ་ཞེ་དྲགས་བྱུང་བ་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ད་ཐེངས་ཀྱི་སྔོན་རྩིས་གྲོས་ཚོགས་དང་བསྟུན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གསུམ་ཀ་དུས་ཅིག་ཏུ་གནས་དབྱུངས་བཏང་བའི་གྲོས་ཆོད་ཡིག་ཆ་ཨང་༣༩པ་དང་འབྲེལ་བའི་ཐོག་སྤྱི་འཐུས་ཚོས་བཞུགས་མོལ་ཚོགས་འདུ་ཞིག་ཚོགས་ཏེ། ཡིག་ཆ་དེ་རྩིས་མེད་གཏོང་ཆེད་གྲོས་ཚོགས་སུ་བསྣམ་དགོས་པར་རྒྱབ་སྐྱོར་བྱེད་མཁན་སྤྱི་འཐུས་ ༢༡ བྱུང་ཡང་ངོ་ཡོད་ཀྱི་གསུམ་ཆ་གཉིས་མ་ལོངས་པས་གྲོས་ཚོགས་སུ་བསྣམ་རྒྱུ་མེད་པ་ཐག་གཅོད་གནང་འདུག
དེའི་ཐད་ཡུ་རོབ་སྤྱི་འཐུས་ཚ་ཁོ་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་ཀྱང་ཡིག་ཆ་ཨང་༣༩་པ་དེ་རྩོད་རྙོག་རང་བཞིན་ཅན་ཞིག་ཡིན་པས། འབྱུང་འགྱུར་གྲོས་ཚོགས་ནང་དེའི་ཐོག་གླེང་ན་འགྲིག་གི་མེད་ཚུལ་འགྲེལ་བརྗོད་གནང་བྱུང་།
ཡང་ལྷོ་བྱང་ཨ་རིའི་སྤྱི་འཐུས་དོན་གྲུབ་ཚེ་རིང་ལགས་ཀྱིས། ད་རེས་གྲོས་ཚོགས་ནང་ཡིག་ཆ་༣༩པ་དང་འབྲེལ་གྲོས་འཆར་ཞིག་བརྣམས་ཕེབས་རྒྱུའི་རེ་བ་བྱས་ཀྱང་བྱུང་མེད་པར་བརྟེན། འབྱུང་འགྱུར་དེའི་ཐོག་གྲོས་འཆར་ཞིག་ཡོང་བའི་རེ་བ་བྱེད་ཀྱི་ཡོད་པ་གསུངས་བྱུང་།
ཡང་མདོ་སྟོད་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་ཀྱིས། ད་རེས་གྲོས་ཚོགས་ཐོག་སྤྱི་འཐུས་ཚོས་ཆ་ཤས་ལེན་ཕྱོགས་དང་བཀའ་ཤག་གི་ལན་འདེབས་གསལ་བཤད་བཅས་ནི་འདོད་བློ་ཁེངས་པ་ཞིག་བྱུང་ཡོད་པ་འགྲེལ་བརྗོད་གནང་བྱུང་།
སྔོན་རྩིས་གྲོས་ཚོགས་ཐོག་ཆ་ཤས་ཐོག་མ་ལེན་མཁན་ཨོ་སི་ཊི་ལི་ཤ་ཡའི་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས། རང་ཉིད་སྤྱི་འཐུས་གསར་པ་ཞིག་ཡིན་པའི་ཆགས་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་འགྲོ་ལུགས་ཐོག་དམིགས་གསལ་གྱི་ཉམས་མྱོང་གསར་པ་དང་། ཕན་ཚུན་སྦྱང་ཤེས་མང་པོ་ཞིག་བྱུང་ཡོད་པ་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པའི་ལས་ཉིན་དགུ་པའི་ཐོག་ཁྲིམས་ཞིབ་པ་ཆེ་བ་འདེམས་སྒྲུག་བྱེད་ཕྱོགས་དང་འབྲེལ་བའི་གྲོས་ཚོགས་སུ་བཅའ་ཁྲིམས་བསྐྱར་བཅོས་མ་ཐུབ་པར་རྟེན། ཁྲིམས་ཞིབ་པ་ཆེ་བ་བསྐོ་གཞག་གནང་མ་ཐུབ་པའི་དཀའ་ངལ་མུ་མཐུད་འཕྲད་བཞིན་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་གཞན་ཁག་གི་བཀའ་བློན་རྣམ་པ་ཡང་ད་རེས་གྲོས་ཚོགས་ནང་མིང་འདོན་གནང་མེད་པ་རེད།
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།