སྐབས་བཅུ་བདུན་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་དབུ་འཛུགས་གནང་སོང་།

2022.03.14
སྐབས་བཅུ་བདུན་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་དབུ་འཛུགས་གནང་སོང་། སྐབས་བཅུ་བདུན་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་དབུ་འཛུགས་གནང་སྐབས། ༠༣།༡༤།༢༠༢༢
RFA/Dhasa

སྤྱི་ཟླ་༣པའི་ཚེས་༡༤ ཉིན་སྐབས་༡༧་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༢་པ་དབུ་འཛུགས་གནང་ཤིང་། སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་གནང་བའི་སྐབས། གཞི་རྩའི་ཆ་ནས་ད་ཆ་འཛམ་གླིང་གི་ཡུལ་ལུང་༢༠་ལྷག་གི་ནང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུགས་ཐུབ་པ་བྱུང་ཡོད་ལ། ལྷག་པར་དུ་རྒྱ་གར་གཞུང་དང་དེའི་གྲོས་ཚོགས་ནི་བོད་དོན་རྒྱབ་སྐྱོར་ལ་མེད་དུ་མི་རུང་བ་ཞིག་ཆགས་ཡོད་པས། བོད་མི་ཚོས་མུ་མཐུད་འབྲེལ་ལམ་དམ་ཟབ་གནང་སྟེ་བོད་དོན་ཞུ་གཏུག་གནང་དགོས་པ་གསུངས་གནང་སོང་།
ཐེངས་འདིའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་འདིའི་ཐོག་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་བདུན་གྱི་༢༠༢༡་ནས་༢༢་ལོའི་ལས་བསྡོམས་སྙན་སྒྲོན་ཞུ་རྒྱུ་དང་དེའི་ཐོག་བགྲོ་གླེང་གནང་གི་ཡོད་པ་རེད། ལས་ཉིན་དང་པོའི་ཐོག་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་འཆར་ཁག་སྟེ། བོད་ཀྱི་གཞས་པ་གྲགས་ཅན་ཚེ་དབང་ནོར་བུ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་སུ་ཕྱིན་པར་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་དང་། བོད་དོན་རྒྱབ་སྐྱོར་བ་ཡེ་ཤུ་ཆོས་དཔོན་(Desmond Tutu)་དགོངས་པ་རྫོགས་པར་མྱ་ངན་གུས་འདུད་ཀྱི་གྲོས་ཆོད། ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་(Virbhadra Singh)་ཆེད་དུ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད། དེ་བཞིན་སྤྱི་འཐུས་ཚོགས་གཞོན་ཟུར་པ་འཆི་མེད་རྣམ་རྒྱལ་ལགས་དང་། སྤྱི་འཐུས་ཟུར་པ་ཚེ་བརྟན་ནོར་བུ་ལགས་རྣམ་གཉིས་བཅས་ཀྱི་ཆེད་དུ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་བཏོན་ཡོད་པར་སྤྱི་འཐུས་ཚོས་སྤྱི་མོས་ཀྱིས་གཏན་འབབས་གནང་སོང་།
ཡང་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཐོག་བགྲོ་གླེང་གནང་བའི་སྐབས། སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་ཀྱིས། བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་བྱེད་རྒྱུའི་ལས་འགན་ཆེ་ཤོས་ཤིག་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུ་ཕྱྭའི་ཐོག་ལ་ཚང་མས་འགན་ཁུར་དགོས་པ་དེ་ཡིན་ཞེས་གསུངས་གནང་སོང་།
སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་ལགས་ཀྱིས། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གདུང་སེམས་མཉམ་བསྐྱེད་ཞུ་སྐབས། གཙོ་བོ་བོད་ནང་གི་བོད་མི་ཚོའི་མངོན་འདོད་དང་། རེ་བ་སོགས་བསྒྲུབ་རྒྱུ་དེ་ཡིན་པ་གསུངས་གནང་སོང་།
ད་རེས་གྲོས་ཚོགས་ཚོགས་དུས་གཉིས་པ་དེ་བཞིན་སྤྱི་ཟླ་༣ པའི་ཚེས་༡༤ནས་༡༨བར་ཚོགས་རྒྱུ་ཡིན་པ་དང་། ལས་ཉིན་དེའི་སྐབས་གྲོས་ཚོགས་ཀྱི་ཚོགས་གཙོ་དང་། ཚོགས་གཞོན་སུ་ཡང་གྲོས་ཚོགས་སུ་ངོས་ཞུགས་མེད་པའི་སྐབས། སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་དང་། སྤྱི་འཐུས་བསོད་ནམས་ནོར་བུ་ལགས། དེ་བཞིན་སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས་བཅས་གསུམ་ཚོགས་གཙོའི་ལས་ཚབ་ཏུ་བསྐོས་ཡོད་པ་སྤྱི་འཐུས་ཚོགས་གཙོས་གསལ་བསྒྲགས་གནང་ཡོད་པ་རེད།

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎