འཛམ་གླིང་གི་ཡུལ་གྲུ་གང་སར་རྣམ་པ་འདྲ་མིན་ཐོག་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་སྲུང་བརྩི་གནང་འདུག

དེ་ཡང་འདི་ཚེས་༢༥་ཉིན་རྒྱ་གར་ནང་བོད་མི་འདུས་སྡོད་ཀྱི་ས་གནས་ཁག་སྤྱི་དང་། ཁྱད་པར་བཞུགས་སྒར་རྡ་རམ་ས་ལར། བོད་ཀྱི་བུད་མེད་ལྷན་ཚོགས་དང་བྱང་རིགས་ཧོར་ཚོ་སྐྱིད་སྡུག་བཅས་ནས་གོ་སྒྲིག་གནང་སྟེ། ༧པཎ་ཆེན་མཆོག་སྤྲུལ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་༣༣ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩི་ལ་ཆེད་དམིགས་བསང་གསོལ་ཞབས་རིམ་སོགས་གནང་བ་དང་ཆབས་ཅིག རྡ་རམ་ས་ལ་ས་གནས་བུད་མེད་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ཉི་མ་ལགས་ནས། ༧པཎ་ཆེན་རིན་པོ་ཆེ་གང་མགྱོགས་གློད་གྲོལ་གཏོང་དགོས་བ་རྒྱ་ནག་གཞུང་ལ་དགོས་འདུན་ནན་མོ་བཏོན་གནང་སོང་།
གཞན་ཡང་༧པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་སྲུང་བརྩི་གནང་སར་བཞུགས་སྒར་ལྷ་རྒྱལ་རི་ཁུལ་དུ། བོད་མི་རྒན་གཞོན་མང་པོ་ཆེད་བཅར་བསང་གསོལ་དང་རླུང་རྟ་འདོགས་པ་གནང་ཡོད་པ་དང་། འཁྲུངས་སྐར་སྲུང་བརྩི་གོ་སྒྲིག་གནང་མཁན་གྱི་གྲས། ༧པཎ་ཆེན་སྐུ་ཐོག་༡༡པའི་ཕ་ཡུལ་གཅིག་པ་བྱང་རིགས་ཧོར་ཚོ་སྐྱིད་སྡུག་གི་ཚོགས་གཙོ་དབང་ཆེན་ཚེ་རིང་ལགས་ཀྱིས། རྒྱ་ནག་གཞུང་གིས་༧པཎ་ཆེན་རིན་པོ་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་ཚོ་གློད་གྲོལ་བཏང་ནས་རང་དབང་དང་བོད་ལ་ཆོས་དད་རང་དབང་སྤྲོད་དགོས་པའི་འབོད་སྐུལ་གནང་སོང་།
ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་འགྲུབ་ལགས་ནས། རྒྱ་ནག་གཞུང་གིས་ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་༧པཎ་ཆེན་རིན་པོ་ཆེ་གཙོས་པའི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་དང་། ད་ལྟའི་གནས་སྟངས་གསལ་བོ་ཡོང་ཆེད་ལས་འགུལ་ཆེ་ཕྲ་ཆུང་གསུམ་སྤེལ་རྒྱུའི་འབད་བརྩོན་ཞུ་རྒྱུ་ཡིན་པ་གསུངས་སོང་།
ད་རེས་ཆེད་དུ་གདན་ས་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་ཨ་རིར་ཕེབས་ནས་འཁྲུངས་སྐར་དང་འབྲེལ་ཨ་རིའི་གཞུང་འབྲེལ་མི་སྣ་ཚོར་པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་ཞུ་གཏུག་གནང་བཞིན་ཡོད་པ་དང་། ཕྱི་ཚེས་༢༣ཉིན། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་༧པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་མཛད་སྒོ་འཚོགས་པའི་སར། གདན་ས་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་དང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་སྒྲུབ་ལགས། དེ་བཞིན་སྲིད་ཟུར་བློ་བཟང་སེང་གེ་ལགས་དང་། བཀའ་བློན་ཁྲི་ཟུར་བསྟན་འཛིན་བཀྲས་མཐོང་ལགས། བོད་མི་མང་སྤྱི་འཐུས་ཚེ་རིང་དོན་གྲུབ་ལགས་དང་མི་མང་བཅས་ལྷན་འཛོམས་གནང་ནས་ཚོགས་ཡོད་པ་དང་། དེར་༧གོང་ས་མཆོག་གིས་བཀའ་ཡིག་བསྩལ་ནས། མཆོག་སྤྲུལ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཀྱི་ཞལ་མཇལ་གསུང་ཐོས་མྱུར་དུ་ཡོང་བའི་སྨོན་ལམ་མཛད་འདུག
ཨ་རིའི་ནིའུ་ཡོག་དང་ནིའུ་ཇར་སིའི་ས་གནས་བོད་ཀྱི་གཞོན་ནུ་ཚོགས་པས་གོ་སྒྲིག་བྱས་ཏེ་ཉིན་དེར། རྒྱ་ནག་གཞུང་ཚབ་མདུན་དུ་བོད་མི་ཚོས་བོད་ཀྱི་རྒྱལ་དར་འཕྱར་བ་དང་། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་གི་སྐུ་པར་ཐོག་ཁོང་བཙོན་ནས་གློད་གྲོལ་གཏོང་དགོས་པའི་དགོས་འདུན་གྱི་འབོད་ཚིག་འཁོད་པའི་སྐུ་པར་བཅས་འཕྱར་ནས་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་པ་དང་། ས་གནས་གཞོན་ནུའི་ཚོགས་གཙོ་བཀྲ་ཤིས་ལམ་བཟང་ལགས་ཀྱིས། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་ད་ལོར་དགུང་གྲངས་༣༣ལ་ཕེབས་ཡོད་ཀྱང་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ནས་ད་བར་མི་ལོ་༢༧ཕྱིན་ཡོད་ཀྱང་། ད་བར་ཁོང་སྐུ་འཚོ་བཞུགས་ཡིན་མིན་སོགས་ཀྱི་གནས་ཚུལ་ཅི་ཡང་གསལ་ཁ་མེད་པས། ཁོང་སྐུ་འཚོ་བཞུགས་ཡིན་ན་ངེས་པར་དུ་བཙོན་ནས་གློད་གྲོལ་གཏོང་དགོས་ཡོད་པའི་དགོས་འདུན་བཏོན་བཞིན་པ་འགྲེལ་བརྗོད་གནང་བྱུང་།
ཁེ་ཎ་ཌར་ཚེས་༢༤་ཉིན་གངས་ལྗོངས་ཆོས་ལྡན་གླིང་གི་ཚོགས་ཁང་དུ། བཀྲ་ཤིས་ལྷུན་པོ་དགོན་པའི་མགྲིན་ཚབ་པ་དང་ཨོན་ཏྲེ་རི་ཡོ་ས་གནས་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག་འཁྲུངས་སྐར་སྲུང་བརྩི་གནང་ནས་པཎ་ཆེན་མཆོག་སྤྲུལ་རིན་པོ་ཆེ་མགྱོགས་མྱུར་མཇལ་ཐུབ་པའི་རེ་བ་གནང་བཞིན་ཡོད་པ་དང་། བོད་མི་ཚོས་པཎ་ཆེབ་རིན་པོ་ཆེ་གློད་གྲོལ་ཡོང་ཐབས་སུ་ཤུགས་རྒྱག་དགོས་བ་སོགས་བཀྲ་ཤིས་ལྷུན་པོ་དགོན་པའི་མགྲིན་ཚབ་སྒྲོལ་མ་ལགས་ནས་གསུང་བྱུང་།
གཞན་བྱེས་ཀྱི་ཆོས་སྡེ་ཆེན་པོ་བཀྲིས་ལྷུན་པོའི་དགོན་པའི་ནང་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་གནང་སྐབས། བཀྲིས་ལྷུན་པོའི་མཁན་ཚབ་སྔགས་ཆེན་རིན་པོ་ཆེ་མཆོག་གིས་ད་ལན་ཆུང་སྲིད་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་དེ་དགའ་དད་དང་སྐྱོ་གདུང་གི་ཚོར་བ་ཤུགས་དྲག་གི་སྒོ་ནས་སྲུང་བརྩི་ཞུ་བཞིན་ཡོད་པ་གསུང་གནང་སོང་ལ། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་རྒྱ་གར་ཀོལ་ཀོ་ཏའི་ཁྲིམས་ཁང་གི་ཁྲིམས་རྩོད་པ་ཆེ་བ་དང་། བོད་དོན་རྒྱབ་སྐྱོར་བ་ལྕམ་སྐུ་རུ་བྷི་མུ་ཁར་ཇི་སོགས་ཕེབས་ཡོད་པའི་སར། རྒྱ་ནག་གཞུང་གིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དང་ཡབ་ཡུམ་སྐུ་མཆེད་དང་བྱ་བྲལ་རིན་པོ་ཆེ་བཅས་པའི་གནས་སྟངས་ཁ་གསལ་བཟོ་དགོས་བ་དང་འཕྲལ་མར་གློད་གྲོལ་གཏོང་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད།
གཞན་རྒྱ་གར་ལྡེ་ར་ལྡུན་གྲོང་ཁྱེར་ལྟེ་བའི་གསར་འགོད་གསལ་བསྒྲགས་སྤེལ་ཡུལ་དུ་བདེ་སྐྱིད་གླིང་དང་དོན་གྲུབ་གླིང་གཙོས་ལྡེ་ར་ལྡུན་ཁུལ་གྱི་ས་གནས་ཁག་དྲུག་གི་བུད་མེད་ཚོགས་པ་མཉམ་དུ། པན་ཆེན་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་ངོ་སྤྲོད་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ནས་པཎ་ཆེན་ཆུང་སྲིད་རིན་པོ་ཆེའི་འཁྲུངས་སྐར་དང་འབྲེལ་བའི་གཏམ་བཤད་སོགས་གནང་ཡོད་པ་རེད། སྐབས་དེར་ལྡེ་ར་ལྡུན་ས་གནས་འགོ་འཛིན་དོན་གྲུབ་རྒྱལ་པོ་ལགས་ནས། རྒྱ་ནག་གཞུང་གིས་དགུང་ལོ་དྲུག་ལ་སོན་པའི་བྱིས་པ་ཞིག་བཙན་ཁྲིད་བཙོན་འཇུག་བྱེད་དགོས་དོན་ཡང་མ་འོངས་པར་༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་དང་འབྲེལ་བ་ཆེན་པོ་ཡོད་པ་མི་མང་ཚོས་ངེས་པར་དུ་ཤེས་དགོས་པའི་ནན་བརྗོད་གནང་སོང་།
སྤྱི་ལོ་༡༩༩༥ལོའི་ཟླ་བ་༥པའི་ཚེས་༡༤ཉིན། བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས། བོད་ཀྱི་ནག་ཆུ་ལྷ་རི་རྫོང་ནས་འཁྲུངས་པ་ཁྱེའུ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག ༧པཎ་ཆེན་སྐུ་ཕྲེང་བཅུ་བའི་ཡང་སྲིད་དུ་ངོས་འཛིན་ཡོངས་བསྒྲགས་གནང་རྗེས། རྒྱ་ནག་གཞུང་གིས་འཕྲལ་དུ་དགུང་ལོ་དྲུག་ལས་མ་སོན་པའི་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ཡབ་ཡུམ་སྐུ་འཁོར་དང་བཅས་པ། འཛིན་བཟུང་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་ཡོད་པར་བརྟེན། ལོ་འདིར་ཡང་༧པཎ་ཆེན་མཆོག་སྤྲུལ་རིན་པོ་ཆེའི་འཁྲུངས་སྐར་དང་སྐབས་བསྟུན། བོད་མིའི་སྒྲིག་འཛུགས་ཀྱིས་རིང་མིན་སྤྱི་ཟླ་ལྔ་བའི་ནང་། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྤྱི་ཁྱབ་པས་རྒྱ་ནག་དང་ཤིན་ཅིང་དུ་གཟིགས་ཞིབ་གནང་སྐབས། ༧པཎ་ཆེན་མཆོག་སྤྲུལ་རིན་པོ་ཆེ་གར་ཡོད་གནས་ཚུལ་གསལ་བོ་བཟོ་རྒྱུར། རྒྱ་ནག་གཞུང་ལ་གནོན་ཤུགས་དང་སྐུལ་མ་བྱེད་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།
གསར་འགོད་པ། ཕྱོགས་མཐའི་གསར་འགོད་པ་རྣམས།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།