པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་སྲུང་བརྩི་དང་འབྲེལ་བགྲོ་གླེང་དང་ཞུ་གཏུག་གི་ལས་འགུལ་སྤེལ་འདུག

2023.04.25
པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་སྲུང་བརྩི་དང་འབྲེལ་བགྲོ་གླེང་དང་ཞུ་གཏུག་གི་ལས་འགུལ་སྤེལ་འདུག བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོ་དགོན་པའི་ནང་། ༠༤།༢༥།༢༠༢༥
པདྨ་དངོས་གྲུབ།

འདི་ཚེས་༢༥ཉིན་ཀུན་གཟིགས་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༤ལ་ཕེབས་པའི་འཁྲུངས་སྐར་ཡིན་པ་དང་། ༡༩༩༥ལོར་པཎ་ཆེན་ཡང་སྲིད་མཆོག་གི་གཙོས་ཡབ་ཡུམ་སྐུ་འཁོར་དང་བཅས་བ་རྒྱ་ནག་གཞུང་གིས་བཙན་ཁྲིད་རྗེས་ད་བར་གར་སོང་ཆ་མེད་དུ་གྱུར་ཏེ་མི་ལོ་༢༨ཕྱིན་ཡོད་པ་རེད། སྐབས་འདིར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་པཎ་ཆེན་རིན་པོ་ཆེ་གར་སོང་ཆ་མེད་དུ་གྱུར་བའི་གནད་དོན་གླེང་ཞོར་འཛམ་གླིང་གི་ས་ཁུལ་གང་སར་རྣམ་པ་འདྲ་མིན་གྱི་སྒོ་ནས་འཁྲུངས་སྐར་སྲུང་བརྩི་གནང་བཞིན་འདུག་ལ། སི་པན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ཀྱིས་རྒྱ་ནག་གཞུང་ལ་པཎ་ཆེན་རིན་པོ་ཆེ་གང་དུ་ཡོད་མེད་དང་། གནས་སྟངས་ཇི་ཡིན་སོགས་ཀྱི་སྐོར་དཔང་རྟགས་སྟོན་དགོས་པའི་རེ་སྐུལ་དང་མཉམ། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་སྒྲིག་གཞིར་བཟུང་པཎ་ཆེན་རིན་པོ་ཆེར་གཞི་རྩའི་རང་དབང་ལོངས་སུ་སྤྱོད་འཇུག་དགོས་པ་མ་ཟད། ཁོང་དང་ནང་མི་ཉེ་འབྲེལ་གཙོས་པའི་བོད་མི་བཙོན་པ་རྣམས་འཕྲལ་དུ་བཙོན་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས་འདུག
དེ་བཞིན་ཀུན་གཟིགས་པཎ་ཆེན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་༼དགེ་འདུན་ཆོས་ཀྱི་ཉི་མ༽་མཆོག་དགུང་ལོ་༣༤ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་མི་ཀུ་ལ་སི་པེག་ས་(Mikulas Peksa)་ལགས་ཀྱིས་སྣེ་ཁྲིད་པའི་གྲོས་ཚོགས་འཐུས་མི་བཅུ་གཅིག་གིས། ཡོ་རོབ་མཐུན་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཐད་ཀྱི་ཆེས་མཐོའི་སྐུ་ཚབ་ཇོ་སེབ་བྷོ་རེལ་(Josep Borrell)་ལགས་སུ། དེ་སྔོན་ཡོ་རོབ་མཐུན་ཚོགས་ཀྱི་སྐུ་ཚབ་ནས་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་རྒྱ་གཞུང་གིས་གར་སོང་ཆ་མེད་དུ་བཏང་བའི་གནད་དོན་སྐོར་རྒྱ་ནག་གཞུང་ལྷན་གྲོས་མོལ་བྱས་ཡོད་མེད་དང་། མི་རིང་བར་འཚོག་འཆར་ཡོད་པའི་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་བར་གྱི་ཐབས་བྱུས་གྲོས་མོལ་སྐབས་རྒྱ་ནག་གཞུང་གི་སྐུ་ཚབ་དང་ལྷན་དུ་དེ་འབྲེལ་གྲོལ་མོལ་གནང་འཆར་ཡོད་མེད། དེ་བཞིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་༧སྐུའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐད་བཞེངས་ཕྱོགས་ཁ་གསལ་བཟོ་འཆར་ཡོད་མེད་བཅས་ཡིག་ཐོག་དྲི་བ་ཕུལ་ཡོད་འདུག ད་ལྟའི་ཆར་ཡིག་ལན་འབྱོར་ཡོད་མེད་ཁ་གསལ་མི་འདུག
བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས། ཀུན་གཟིགས་པཎ་ཆེན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་མཆོག་གི་འཁྲུངས་སྐར་ཉིན། གང་ཉིད་སྐུ་ཁམས་འཕྲོད་བཞེས་བདེ་བའི་གསོལ་འདེབས་ཞུ་རྒྱུ་མ་ཟད། གོ་སྐབས་འདི་བརྒྱུད་ང་ཚོས་རྒྱལ་སྤྱིའི་སྲིད་གཞུང་དང་། གྲོས་ཚོགས། གཞུང་ཁོངས་མིན་པའི་ཚོགས་སྡེ། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཁག ནང་པའི་རྗེས་འབྲང་བ། དེ་བཞིན་མི་སྒེར་བ་སོགས་ཐུན་མོང་ནས་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་རྒྱ་གཞུང་གིས་གར་སོང་ཆ་མེད་བཏང་བར་མུ་མཐུད་དུ་ཐུགས་འཚབ་དང་བཅས་ཞུ་གཏུག་གནང་རྒྱུ་མཚོན། རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་ཁྲིམས་སྒྲིག་ལ་བརྩི་སྲུང་དང་པཎ་ཆེན་རིན་པོ་ཆེའི་ནང་མི་སྐུ་འཁོར་དང་བཅས་བ་འཕྲལ་དུ་གློད་བཀྲོལ་སླད་གནོན་ཤུགས་བསྟུད་མར་སྤྲད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དེ་བཞིན་ང་ཚོས་རྒྱ་ནག་གཞུང་གིས་བོད་མིའི་གཞི་རྩའི་རང་དབང་ལ་བརྩི་སྲུང་བྱས་ཐོག བོད་ཀྱི་ཆོས་ཕྱོགས་ཀྱི་དབུ་ཁྲིད་དང་གནད་ཡོད་མི་སྣ་རྣམས་གར་སོང་ཆ་མེད་དུ་གཏོང་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ཇི་སྲིད་རྒྱ་ནག་གཞུང་གིས་པཎ་ཆེན་རིན་པོ་ཆེའི་སྐོར་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་ཀྱིས་ཁོང་དང་ནང་མི་སྐུ་འཁོར་ལྷན་རྒྱས། བྱ་བྲལ་རིན་པོ་ཆེ་མཆོག་བཅས་གློད་བཀྲོལ་མ་གཏང་བར་དེ་སྲིད་དུ་ང་ཚོས་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་དང་བོད་མིའི་ཆོས་དད་རང་དབང་ལ་སྣང་ཆུང་བཏང་བ་ཐེར་འདོན་ཆེད་རྒྱལ་སྤྱིའི་སྡིངས་ཆའི་སྟེང་མུ་མཐུད་ཞུ་གཏུག་བྱ་རྒྱུ་ཡིན། ཞེས་གསུངས་ཡོད་འདུག

དེ་བཞིན་འདི་ཚེས་༢༥ཉིན་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོ་དགོན་པའི་ནང་། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་༣༤ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩིའི་སྐབས། བཀྲ་ཤིས་ལྷུན་པོའི་མཁན་ཚབ་སྔགས་ཆེན་དར་པ་ཁྲི་སྤྲུལ་རིན་པོ་ཆེ་དཀའ་ཆེན་བསྟན་འཛིན་ཚུལ་ཁྲིམས་མཆོག་གིས། བཀྲ་ཤིས་ལྷུན་པོའི་བླ་སྤྱི་ལྷན་ཁང་དང་པཎ་ཆེན་ཨིར་ཏི་ཞབས་ཞུ་ལས་དོན་བསྟི་གནས་ཁང་གཉིས་ཐུན་མོང་གི་སྐུའི་འཁྲུངས་སྐར་དང་འབྲེལ་བའི་ཡོངས་ཁྱབ་གསལ་བསྒྲགས་ལྗགས་ཀློག་གནང་བའི་ནང་། གཙོ་བོ་སྔ་ལོ་ཨ་རི་དང་ཁེ་ཎ་ཌའི་གྲོས་ཚོགས་ཀྱི་ནང་པཎ་ཆེན་རིན་པོ་ཆེ་གློད་གྲོལ་ཡོང་ཐབས་སུ་ཞུ་གཏུག་གནང་བ་དང་། ད་དུང་ལས་དོན་གྲུབ་འབྲས་མ་སོན་བར་དུ་མུ་མཐུད་དུ་འཛམ་གླིང་གི་རྒྱལ་ཁབ་གང་སར་པཎ་ཆེན་རིན་པོ་ཆེའི་གནད་དོན་སྐོར་ཞུ་གཏུག་གི་ལས་འགུལ་སྤེལ་རྒྱུ་ཡིན་པ་ཡོངས་ཁྱབ་གསལ་བསྒྲགས་གནང་འདུག

11.png
སྒང་ཏོག་ས་གནས་སུ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། ས་གནས་བུད་མེད་ལྷན་ཚོགས་གཉིས་ཐུན་མོང་གིས་གོ་སྒྲིག་ཐོག སྒང་ཏོག་སེར་བྱེས་འགྲོ་ཕན་གླིང་དགོན་པའི་ཚོམས་ཆེན་ནང་ས་གནས་མི་མང་ལྷན་འཛོམས་ཀྱིས་འཁྲུངས་སྐར་སྲུང་བརྩི་ཞུས་གནང་སྐབས། སྐུ་མགྲོན་གཙོ་བོ་ས་འཐུས་ཚོགས་གཙོ་སྦྱིན་པ་ཕུན་ཚོགས་ལགས་ཀྱིས། རྒྱ་ནག་གཞུང་གིས་པཎ་ཆེན་ཡང་སྲིད་སྐུ་འཁོར་དང་བཅས་བ་བཙན་ཁྲིད་བྱས་ནས་མི་ལོ་༢༨ཕྱིན་ཡོད། དེའི་རིང་ང་ཚོ་བཙན་བྱོལ་ནང་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཁོང་གློད་གྲོལ་ཡོང་ཆེད་ལས་འགུལ་རབ་དང་རིམ་པ་སྤེལ་མུས་ཡིན་ན་ཡང་། ད་དུང་ཡང་མུ་མཐུད་དུ་ལས་འགུལ་གྱི་ནུས་པ་ཤུགས་ཆེ་རུ་གཏོང་དགོས་པ་གསུངས་གནང་སོང་།
དེ་བཞིན་རྒྱ་གར་རྡ་རམ་སཱ་ལ་དང་། རྒྱ་གར་བྱང་ཤར་ར་སྦང་ལ། རྡོ་རྗེ་གླིང་། ཀ་ལོན་སྦུག་སོགས་ས་གནས་ཁག་མང་པོར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་པཎ་ཆེན་རིན་པོ་ཆེ་གར་སོང་ཆ་མེད་དུ་གྱུར་བའི་གནད་དོན་གླེང་ཞོར་རྣམ་པ་འདྲ་མིན་གྱི་སྒོ་ནས་འཁྲུངས་སྐར་སྲུང་བརྩི་གནང་ཡོད་པ་རེད།
པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག ཕྱི་ལོ་༡༩༨༩་ལོའི་ཟླ་༤བའི་ཚེས་༢༥ཉིན་ནག་ཆུ་ལྷ་རི་རྫོང་དུ་སྐུ་འཁྲུངས་བ་དང་། དགུང་ལོ་༦ལ་ཕེབས་སྐབས་ཕྱི་ལོ་༡༩༩༥ལོའི་ཟླ་༥པའི་ཚེས་༡༤ཉིན་ཁོང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་པཎ་ཆེན་སྐུ་ཕྲེང་བཅུ་བའི་ཡང་སྲིད་དུ་ངོས་འཛིན་གསལ་བསྒྲགས་བསྐྱངས་ཡོད་པ་རེད། དེ་ནས་ཉིན་གསུམ་གྱི་རྗེས་ཁོང་དང་ཁོང་གི་ཡབ་ཡུམ་སྐུ་འཁོར་དང་བཅས་པ་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་རྗེས་ད་བར་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་༢༨ཕྱིན་ཡོད་པ་རེད་ལ། རྒྱལ་བ་ཡབ་སྲས་རྣམ་གཉིས་ཕན་ཚུན་བླ་སློབ་དང་ཡང་སྲིད་ངོས་འཛིན་གནང་རེས་གནང་བའི་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་རེད།


གསར་འགོད་པ། སྟག་ལྷ་རྒྱལ་དང་ས་གནས་གསར་འགོད་པ་རྣམ་པ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎